ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་མཱ་ཞི་ལཱ་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། ཨ་མེ་རི་ཁ་དང་དབྱིན་ཇིའི་མཉམ་འབྲེལ་དམག་དཔུང་གིས་ཚེས་ཉེར་གཅིག་ཉིན་གྱི་དགོང་མོར་ཡེ་མིན་གྱི་རྒྱལ་ས་སཱ་ནཱ་རུ་བར་སྣང་འཇབ་རྒོལ་བྱས་ཟེར།
བསྒྲགས་པ་ལྟར་ན། འཐབ་འཛིང་གནམ་གྲུ་ཞིག་གིས་སཱ་ནཱའི་ལྷོ་ཕྱོགས་ཀྱི་ཨ་ཐན་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་ཟེར། བསྒྲགས་པའི་གནས་ཚུལ་ལས་ཤི་རྨས་ཐེབས་པའི་གནས་ཚུལ་སོགས་བྱེ་བྲག་གི་གནས་ཚུལ་འདོན་སྤྲོད་བྱས་མེད།
སཱ་ནཱའི་སྡོད་དམངས་ཀྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཁོ་ཚོས་བར་སྣང་དུ་གནམ་གྲུ་འཕུར་སྐྱོད་བྱེད་པའི་སྒྲ་ཐོས་པ་དང་། དེའི་རྗེས་སུ་སཱ་ནཱའི་ལྷོ་ཕྱོགས་ཀྱི་ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་དམག་དོན་རྟེན་གཞིར་འགས་གཏོར་གྱི་སྒྲ་ཆེན་པོ་གྲགས་བྱུང་ཟེར། ཐེངས་འདིའི་འཇབ་རྒོལ་བྱེད་ས་ནི་ཨ་ཐན་ས་ཁུལ་གྱི་འཕུར་མདའི་མཛོད་ཁང་ཞིག་ཡིན་པ་དང་། དེ་ལས་གཞན་བར་སྣང་འཇབ་རྒོལ་ལས་ད་རུང་ཨ་ཐན་རི་བོའི་འདབས་ཀྱི་ཐོག་ཁང་ཞིག་ལ་འཇབ་རྒོལ་ཐེབས་ཟེར།
ཨ་མེ་རི་ཁའི་ཀྲུང་དབྱང་དམག་སྤྱི་ཁང་གིས་ཚེས་ཉེར་གཅིག་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཉིན་དེའི་དགོང་མོར་ཡེ་མིན་གྱི་སཱ་ནཱའི་ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་འཕུར་མདའི་སྒྲིག་ཆས་གསོག་ས་ཞིག་དང་བཀོད་འདོམ་ཚོད་འཛིན་ལྟེ་གནས་ཤིག་ལ་བར་སྣང་ནས་གནད་འཁེལ་འཇབ་རྒོལ་བྱས་ཡོད་ཟེར།
ཉིན་དེའི་ཞོགས་པར། ཧུའུ་སེ་དྲག་ཆས་པས་དབྱི་སི་རལ་གྱི་ཐི་ལཱ་ཝེ་ཧྥུའུ་ཡི་ཡཱ་ཧྥ་ས་ཁུལ་གྱི་དམག་དོན་དམིགས་འབེན་ལ་འཕུར་མདའི་ཆམ་ཕབ་བཏང་བ་ཁས་ལེན་བྱས། དེའི་སྔོན་དབྱི་སི་རལ་དམག་ཕྱོགས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། དབྱི་སི་རལ་ཕྱོགས་ཀྱིས་ཉིན་དེར་ཡེ་མིན་ནས་གཏོང་འཕེན་བྱས་པའི་འཕུར་མདའ་ཞིག་འགོག་ཐུབ་མེད་ཟེར། དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། འཕུར་མདའ་དེ་ཐི་ལཱ་ཝེ་ཧྥུའུ་རུ་ལྷུང་ནས་མི་མང་བོར་རྨས་ཕོག་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།