ཁཱ་ནཱ་ཏཱའི་ཙུང་ལི་ཐི་ལུའུ་ཏའོ་ཡིས་ཚེས20ཉིན་ནེ་ཀིར་བཅོས་སྒྲིག་བྱས་ཏེ། སྤྱི་བའི་བདེ་འཇགས་པུའུ་ཀྲང་དང་བཅས་པའི་པུའུ་ཀྲང་གསར་བ་བརྒྱད་བསྐོ་འཇོག་བྱས་པར་མ་ཟད་པུའུ་ཀྲང་བཞིའི་ལས་འགན་ལེགས་སྒྲིག་བྱས།
ད་ལོའི་ཟླ་བདུན་པའི་ཚུན་ལ། ཁཱ་ནཱ་ཏཱའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་པུའུ་ཀྲང་དགུ་ཡིས་ལས་ཁུར་དགོངས་ཞུ་བྱེད་པའམ་སྐབས་རྗེས་མའི་འདེམ་བསྐོའི་ནང་ཞུགས་མི་སྲིད་པ་ཁྱབ་བསྒྲགས་བྱས། ཚེས་བཅུ་དྲུག་ཉིན་ལས་ཁུར་དགོངས་ཞུ་བྱས་པའི་ཙུང་ལི་གཞོན་པའམ་ནོར་སྲིད་པུའུ་ཀྲང་ཧྥ་ལི་ལན་ཡང་འདུས། ཐེངས་འདིའི་ནེ་ཀིའི་བཅོས་སྒྲིག་བྱས་རྗེས། ཙུང་ལི་ལས་གཞན་ནེ་ཀིའི་པུའུ་ཀྲང་སོ་བརྒྱད་སོར་འཇོག་བྱས་ཡོད་པ་རེད།
ཐི་ལུའུ་ཏའོ་ཡིས་བསྟན་དོན། ནེ་ཀི་གསར་བའི་ཁ་ཚ་དགོས་གཏུག་གི་གནད་དོན་ནི་འཚོ་བའི་མ་རྩ་ཇེ་དམའ་རུ་གཏོང་བ་དང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ཡིན་ལ། སྡོད་ཁང་དང་བྱིས་པའི་སྐྱོང་གཉོར། སློབ་གྲྭའི་རིན་མེད་གུང་ཟས་སོགས་ཕྱོགས་སོ་སོ་ནས་གྲུབ་འབྲས་ཐོབ་པར་བྱེད་དགོས་པར་མ་ཟད། ཧུར་ཐག་སྒོས་སྡོད་དམངས་ཀྱི་ཡོང་འབབ་ཇེ་མང་དུ་གཏོང་་དགོས་ཟེར།
ཁཱ་ནཱ་ཏཱ་ཡི་གླེང་ཕྱོགས་ཀྱིས་བལྟས་ན། ཐི་ལུའུ་ཏའོ་ཡིས་ཐེངས་འདིར་ནེ་ཀིར་བཅོས་སྒྲིག་བྱས་པ་ནི་ནེ་ཀིའི་གཏན་འཇགས་སྲུང་འཛིན་བྱས་ནས་ཨ་མེ་རི་ཁའི་སྒོ་གཅན་གྱི་འཇིགས་ཉེན་ཐག་གཅོད་བྱེད་ཆེད་ཡིན་པ་དང་། དེའི་ཞོར་དུ་མིག་སྔར་ཁཱ་ནཱ་ཏཱའི་གྲོས་ཁང་ཁྲོད་གྲངས་ཉུང་ཏང་ཁག་གི་གོ་གནས་སུ་གནས་པའི་སྲིད་འཛིན་ཏང་རང་དབང་ཏང་གི་སྐབས་རྗེས་མའི་འདེམ་བསྐོ་ལ་གྲ་སྒྲིག་བྱེད་ཆེད་ཀྱང་ཡིན་པར་འདོད། ཨ་མེ་རི་ཁའི་གསར་དུ་བདམས་པའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་དེའི་སྔོན་བཤད་རྒྱུར། སང་ལོའི་ཟླ་དང་པོར་ལས་འགན་ཁུར་རྗེས་ཁཱ་ནཱ་ཏཱ་ནས་ཨ་མེ་རི་ཁར་ནང་འདྲེན་བྱེད་པའི་ཐོན་རྫས་ལ་བརྒྱ་ཆའི་ཉེར་ལྔའི་སྒོ་གཅན་བསྡུ་ལེན་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།