ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་གཅིག་ཉིན་སྤྱི་སྒྲོག་སྤེལ་ཏེ། ཝུའུ་ཁི་ལན་གྱིས་ཉིན་དེ་སྔ་དྲོར་མི་མེད་གནམ་གྲུ་མང་བོ་བཏང་ནས་ཨུ་རུ་སིའི་ཏཱ་ཏན་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟེ་གནས་གྲོང་ཁྱེར་ཁཱ་ཧྲན་ལ་འཇབ་རྒོལ་བྱས་ཟེར།
སྤྱི་སྒྲོག་ལས་བཤད་རྒྱུར། མི་མེད་གནམ་གྲུ་དེ་དག་སྐོར་ཐེངས་གསུམ་ལ་བགོས་ནས་ཕྱོགས་མི་འདྲ་བ་ནས་འཇབ་རྒོལ་བྱས་པ་དང་། ཨུ་རུ་སིའི་རྒྱལ་སྲུང་དམག་དཔུང་གིས་དེའི་ནང་གི་མི་མེད་གནམ་གྲུ་གསུམ་གཏོར་བ་དང་། ཨུ་རུ་སིའི་སྐུད་མེད་གློག་དམག་དཔུང་གིས་མི་མེད་གནམ་གྲུ་གཞན་པ་གསུམ་ལ་ཚོད་འཛིན་བྱས་ཟེར།
ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་གྱི་མཁའ་འགྲུལ་སྐྱེལ་འདྲེན་ཁང་གིས་ཚེས་ཉེར་གཅིག་ཉིན་བཤད་རྒྱུར། འཇབ་རྒོལ་གྱི་ཤུགས་རྐྱེན་དབང་གིས་ཁཱ་ཧྲན་གནམ་གྲུ་ཐང་གིས་གནམ་གྲུའི་འཕུར་སྐྱོད་ལ་ཚོད་འཛིན་བྱས་པ་དང་། གནམ་གྲུ་གཏོང་ཐེངས་ཚང་མའི་གནམ་གྲུའི་འཕུར་འབབ་མཚམས་འཇོག་ཏུ་བཅུག་ཡོད། གནམ་གྲུའི་འཕུར་སྐྱོད་ལ་ཚོད་འཛིན་བྱེད་པའི་བྱེད་ཐབས་དེ་ཉིན་དེའི་དགོང་མོར་རྩིས་མེད་དུ་བཏང་ཡོད་ཟེར།
ཏཱ་ཏན་སི་ཐན་སྤྱི་མཐུན་རྒྱལ་ཁབ་དཔོན་ཕྱོགས་ཀྱིས་ཉིན་དེར་སྤྱི་སྒྲོག་སྤེལ་ཏེ་བཤད་རྒྱུར། ཁཱ་ཧྲན་གྲོང་ཁྱེར་གྱི་བཟོ་ལས་ས་ཁུལ་ཞིག་དང་སྡོད་དམངས་སྡེ་ཁུལ་ཞིག་ལ་ཝུའུ་ཁི་ལན་གྱི་མི་མེད་གནམ་གྲུའི་འཇབ་རྒོལ་ཐེབས་པ་དང་། བསྡོམས་པས་མི་མེད་གནམ་གྲུ་བརྒྱད་ཡོད་ལ། གནས་སྐབས་སུ་མི་སྣར་ཤི་རྨས་བྱུང་བའི་གནས་ཚུལ་བསྒྲགས་མེད་ཟེར།
ཁཱ་ཧྲན་གྲོང་ཁྱེར་གྱི་གྲོང་སྲིད་སྡེ་ཁག་གིས་དྲ་ཚིགས་བརྒྱུད་དེ་བདེན་དཔང་བྱས་དོན། ཝུའུ་ཁི་ལན་གྱི་མི་མེད་གནམ་གྲུའི་འཇབ་རྒོལ་ལས་ཁཱ་ཧྲན་གྲོང་ཁྱེར་གྱི་སྡོད་དམངས་ཐོག་ཁང་གཉིས་ལ་མེ་སྐྱོན་བྱུང་ཡོད་ཟེར། ཨུ་རུ་སིའི་བྲེལ་མྱུར་གནས་ཚུལ་པུའུ་ཡི་འཐུས་མིས་མིག་སྔར་མེ་སྐྱོན་ཚོད་འཛིན་བྱས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།