མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལེ་པཱ་ནུན་དུ་སྡོད་པའི་གནས་སྐབས་དམག་དཔུང་གིས་ཚེས23ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་དག་ལེ་པཱ་ནུན་ལྷོ་ཕྱོགས་ས་ཁུལ་ནས་ཕྱིར་འཐེན་བྱེད་པ་དང་ལེ་པཱ་ནུན་གྱི་དམག་དཔུང་ལྷོ་ཕྱོགས་ས་ཁུལ་དུ་བཀོད་སྒྲིག་བྱེད་པའི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་དགོས་པའི་སྐུལ་མ་བཏང་།
གསལ་སྒྲོག་ལས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལེ་པཱ་ནུན་དུ་སྡོད་པའི་གནས་སྐབས་དམག་དཔུང་གི་དམག་སྤྱི་ལཱ་སཱ་ལོ་ཡིས་ཉིན་དེར་ལེ་པཱ་ནུན་ལྷོ་ཕྱོགས་ས་ཁུལ་དུ་རྟོག་ཞིབ་བྱེད་པའི་ལེ་པཱ་ནུན་གྱི་ཙུང་ལི་མུས་ཁཱ་ཐིས་དང་གྲོས་མོལ་བྱས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལེ་པཱ་ནུན་དུ་སྡོད་པའི་གནས་སྐབས་དམག་དཔུང་གིས་གིས་ཕྱོགས་ཁག་སོ་སོས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཅིག་བདུན་ཐིག་གཅིག་དང་འགལ་བའི་བྱ་སྤྱོད་མཚམས་འཇོག་པ་དང་། འཁྲུག་རྩོད་མཚམས་འཇོག་པར་གནོད་པ་འབྱུང་བ་དང་མིག་སྔའི་གཏན་འཇགས་མིན་པའི་གནས་བབ་ལ་གནོད་པའི་བྱ་སྤྱོད་གང་ཡང་སྤེལ་མི་རུང་བའི་འབོད་སྐུལ་བཏང་།
ལེ་པཱ་ནུན་དང་དབྱི་སི་རལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དེ་ཟླ11པའི་ཚེས27ཉིན་ནུས་ལྡན་དུ་གྱུར། འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལྟར་ན། ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་དང་ལེ་པཱ་ནུན་གྱི་དྲག་ཆས་ཚོགས་ཁག་སོ་སོས་དབྱི་སི་རལ་ལ་དཔུང་འཇུག་གང་རུང་སྤེལ་མི་རུང་བའི་ཁས་ལེན་བྱས་པ་དང་། དབྱི་སི་རལ་ཕྱོགས་ཀྱིས་ལེ་པཱ་ནུན་གྱི་མངའ་ཁོངས་ཀྱི་དམག་དོན་དཔུང་འཇུག་མཚམས་འཇོག་དགོས་པ་རེད།
དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དྲུག་ཅུའི་ནང་རིམ་བཞིན་ལེ་པཱ་ནུན་ལྷོ་ཕྱོགས་ས་ཁུལ་ནས་ཕྱིར་འཐེན་བྱེད་དགོས་པ་དང་། ལེ་པཱ་ནུན་གྱི་དམག་དཔུང་དང་རྒྱལ་ནང་གི་བདེ་འཇགས་དམག་དཔུང་ནི་ལེ་པཱ་ནུན་གྱི་ལྷོ་ཕྱོགས་ས་ཁུལ་ནས་མཚོན་ཆ་བཟུང་སྟེ་འགུལ་སྐྱོད་བྱེད་ཆོག་པའི་དཔུང་ཚོགས་སུ་འགྱུར་སྲིད།
བསོད་ནམས་ཚེ་རིང་གིས་བསྒྱུར།