ཁཱ་ཐར་དང་ཅོར་ཏན་གྱི་དཔོན་རིགས་ཀྱིས་སི་རི་ཡཱའི་དྲག་ཆས་རྩ་འཛུགས་ཀྱི་འགོ་ཁྲིད་པ་དང་གྲོས་མོལ་བྱས།
2024.12.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

སི་རི་ཡཱའི་ཧྲ་མུའུ་བཅིངས་འགྲོལ་དྲག་ཆས་པའི་འགོ་ཁྲིད་པ་ཧྲ་ལཱ་ཡིས་ཚེས23ཉིན་ཏཱ་མཱ་ཧྲི་ཀི་ནས་འཚམས་འདྲིར་ཡོང་བའི་ཁཱ་ཐར་གྱི་ཕྱི་འབྲེལ་རྒྱལ་སྲིད་བློན་ཆེན་ཧུའུ་ལའེ་ཧྥེ་དང་གྲོས་མོལ་བྱས། ཧྲ་ལཱ་ཡིས་གྲོས་མོལ་བྱས་རྗེས་བསྟན་དོན། སི་རི་ཡཱ་ཡིས་ཁཱ་ཐར་བར་དུ་འཐབ་ཇུས་མཉམ་ལས་རྒྱ་ཆེར་སྤེལ་རྒྱུ་ཡིན་པ་དང་། སི་རི་ཡཱའི་ཕྱོགས་ཀྱིས་ཁཱ་ཐར་གྱི་རྒྱལ་ཁབ་འགོ་ཁྲིད་པ་ཐཱ་མུས་མུའུ་ལ་སི་རི་ཡཱ་རུ་འཚམས་འདྲི་བྱེད་པའི་གདན་ཞུ་བྱས་ཡོད་ཟེར།

ཧྲ་ལཱ་ཡིས་བཤད་རྒྱུར། ཁཱ་ཐར་ཕྱོགས་ཀྱིས་ཤུགས་ཆེན་པོས་སི་རི་ཡཱའི་བར་བརྒལ་དུས་རིམ་ལ་རྒྱབ་སྐྱོར་བྱས་པ་དང་། སི་རི་ཡཱའི་ཕྱོགས་ཀྱིས་ཁཱ་ཐར་བར་གྱི་འཐབ་ཇིུས་མཉམ་ལས་རྒྱ་ཆེར་སྤེལ་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་ཇེ་བཟང་དུ་གཏོང་འདོད་ཡོད་ཟེར། ཧུའུ་ལའེ་ཧྥེ་ཡིས་བསྟན་དོན། ཕྱོགས་གཉིས་ཀྱིས་སི་རི་ཡཱའི་བར་བརྒལ་དུས་རིམ་གྱི་གནད་དོན་ལ་གྲོ་བསྡུར་བྱས་པ་དང་། ཁཱ་ཐར་གྱིས་སི་རི་ཡཱའི་མི་དམངས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

ཁཱ་ཐར་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཕྱོགས་གཉིས་ཀྱིས་ད་རུང་ཏཱ་མཱ་ཧྲི་ཀིའི་རྒྱལ་སྤྱིའི་གནམ་གྲུ་ཐང་གི་ཚོང་གཉེར་སླར་གསོ་བྱེད་པར་རྒྱབ་སྐྱོར་བྱེད་པའི་དོན་ལའང་གྲོས་བསྡུར་བྱས།

ཅོར་ཏན་ཕྒཡི་འབྲེལ་པུའུ་ཡིས་ཚེས23ཉིན་གསལ་སྒྲོག་སྤེལ་ཏེ། ཅོར་ཏན་གྱི་དབུ་བཞུགས་བློན་ཆེན་གཞོན་པའམ་ཕྱི་འབྲེལ་དང་ཕྱི་སྡོད་རང་མིའི་ལས་དོན་གྱི་བློན་ཆེན་སཱ་ཧྥ་ཏིས་ཀྱིས་ཉིན་དེར་སི་རི་ཡཱ་རུ་འཚམས་འདྲི་བྱས་པ་དང་། ཁོས་ཧྲ་ལཱ་དང་མཉམ་དུ་གྲོས་མོལ་བྱེད་སྐབས་བསྟན་དོན། ཅོར་ཏན་གྱིས་སི་རི་ཡཱའི་བསྐྱར་འཛུགས་ཐད་རྒྱབ་སྐྱོར་དང་རོགས་རམ་སྣ་ཚོགས་བྱེད་རྩིས་ཡོད་པ་དང་། ཅོར་ཏན་གྱིས་སི་རི་ཡཱ་ནས་རང་དབང་དང་སྒེར་ཚུགས། བདག་དབང་ཅན་གྱི་རྒྱལ་ཁབ་ཅིག་འཛུགས་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། སཱ་ཧྥ་ཏིས་དང་ཧྲ་ལཱ་གཉིས་ཀྱིས་གཅིག་གྱུར་སྒོས་བལྟས་ན། རྒྱལ་ཁབ་གཉིས་ཀྱིས་འཇིགས་སྐུལ་རིང་ལུགས་དང་དུག་རྫས་སམ་མཚོན་ཆའི་ལྐོག་འཚོང་ལ་ཆམ་ཕབ་གཏོང་བའི་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།