དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས24ཉིན་གསལ་སྒྲོག་སྤེལ་ཏེ། ཉིན་དེའི་ཞོགས་པར་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་དབྱི་སི་རལ་དབུས་ཕྱོགས་ཀྱི་ཐི་ལཱ་ཝེ་ཧྥུའུ་གྲོང་ཁྱེར་དུ་འཕུར་མདའ་ཞིག་གཏོང་འཕེན་བྱས་པ་བདེ་བླག་ངང་བཀག་ཡོད་ཟེར།
ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཁ་པར་ནང་སྒྲིག་སྦྱོར་བྱས་པའི་ཉེན་བརྡའི་མ་ལག་ལས་མངོན་པ་ལྟར་ན། ཉིན་དེའི་ཞོགས་པར་ཐི་ལཱ་ཝེ་ཧྥུའུ་དང་དེའི་ཉེ་འཁོར་ས་ཁུལ་ནས་མཁའ་སྲུང་ཉེན་བརྡ་གྲགས་པ་རེད། དབྱི་སི་རལ་གྱི་དམག་དཔུང་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། ཧུའུ་སེ་དྲག་ཆས་པས་འཕུར་མདའ་ཞིག་གཏོང་འཕེན་བྱས་པ་དབྱི་སི་རལ་གྱི་མངའ་ཁོངས་སུ་མ་བསླེབས་གོང་བཀག་ཡོད་པ་དང་། མཁའ་སྲུང་ཉེན་བརྡ་གྲགས་པའི་རྒྱུ་མཚན་ནི་འཕུར་མདའ་དེ་བཀག་འགོག་བྱེད་སྐབས་ཆག་རོ་ལྷུང་བས་ཡིན་ངེས་རེད་ཟེར།
ཉེ་སྔོན་ཧུའུ་སེ་དྲག་ཆས་པས་དབྱི་སི་རལ་ལ་འཕུར་མདའ་མང་བོ་གཏོང་འཕེན་བྱས་ནས་འཇབ་རྒོལ་བྱས་ཀྱང་། དབྱི་སི་རལ་གྱིས་ཡེ་མིན་ལ་བར་སྣང་འཇབ་རྒོལ་བྱས་ཏེ་རྒོལ་ལན་སྤྲད།
དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་ཁཱ་ཚི་ཡིས་ཚེས23ཉིན་རྗེས་དྲན་བྱ་འགུལ་ཞིག་གི་སྟེང་ཧུའུ་སེ་དྲག་ཆས་པས་ཉེ་སྔོན་ཐེངས་མང་བོར་དབྱི་སི་རལ་ལ་འཕུར་མདའི་འཇབ་རྒོལ་བྱས་ཏེ་འཇིགས་སྐུལ་བྱས་ཡོད་པ་དང་། ང་ཚོས་ཧུའུ་སེ་དྲག་ཆས་པར་ཆམ་ཕབ་གཏོང་བའི་འཐབ་ཇུས་རྨང་གཞིའི་སྟེང་དེའི་འགོ་ཁྲིད་པ་གསོད་རྒྱུ་ཡིན་ཟེར།
ཁཱ་ཚི་ཡིས་བཤད་རྒྱུར། དབྱི་སི་རལ་གྱིས་ཧཱ་མཱ་སི་དང་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་ཆམ་ཉེས་སུ་བཏང་ཡོད་ལ། ཧུའུ་སེ་དྲག་ཆས་པར་ཡང་ཆམ་ཕབ་དྲག་པོ་གཏོང་ངེས་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།