དབྱི་སི་རལ་གྱི་དམག་དཔུང་གིས་ཅོར་ཏན་གཙང་བོའི་ནུབ་འགྲམ་ས་ཁུལ་ནས་ཕཱ་ལེ་སི་ཐན་གྱི་མི3བསད།
2024.12.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཕཱ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཡིས་ཚེས24ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅོར་ཏན་གཙང་བོའི་ནུབ་འགྲམ་བྱང་ངོས་ཀྱི་ཐུའུ་ལེ་ཁའེ་ཨར་མུའུ་ཡུལ་གྱར་བའི་སྒར་སར་འགུལ་སྐྱོད་སྤེལ་ཏེ། བསྡོམས་པས་ཕཱ་ལེ་སི་ཐན་གྱི་མི་གསུམ་བསད་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཐུའུ་ལེ་ཁའེ་ཨར་མུའུ་ཡུལ་གྱར་བའི་སྒར་སར་འགས་གཏོར་བཏང་སྟེ་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་གཅིག་ལ་དབྱི་སི་རལ་གྱི་དམག་དཔུང་གིས་མེ་མདས་བརྒྱབ་སྟེ་བསད་ཟེར།

ས་དེའི་གནས་ཚུལ་ཤེས་མཁན་གྱིས་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གི་འགུལ་སྐྱོད་དེ་ཚེས24ཉིན་གྱི་ཞོགས་པ་ནས་བཟུང་མགོ་བརྩམས་ཡོད་པ་དང་། ས་དེའི་གཞུང་ལམ་སོགས་རྨང་གཞིའི་སྒྲིག་ཆས་ལའང་གཏོར་བརླག་ཐེབས་ཡོད། མིག་སྔར་འགུལ་སྐྱོད་དེ་ཐུའུ་ལེ་ཁའེ་ཨར་མུའུ་ཤར་ངོས་ཀྱི་ནོའུ་ཨར་ཧྲ་མུའུ་སི་ཡུལ་གྱར་བའི་སྒར་སའི་བར་རྒྱ་ཡན་དུ་སོང་ནས་འགས་གཏོར་གྱི་སྒྲ་ཐོས་ཐུབ་ཟེར།

དབྱི་སི་རལ་གྱི་དམག་དཔུང་གི་མགྲིན་ཚབ་པ་ཨ་ཏི་ལཱ་དབྱེ་ཡིས་ཚེས24ཉིན་གསལ་སྒྲོག་སྤེལ་ཏེ། འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་ཆེད། དབྱི་སི་རལ་ཕྱོགས་ཀྱིས་ཐུའུ་ལེ་ཁའེ་ཨར་མུའུ་ས་ཁུལ་དུ་འགུལ་སྐྱོད་སྤེལ་ནས། ཕཱ་ལེ་སི་ཐན་གྱི་དྲག་ཆས་ཉེས་ཅན་གཅིག་འཁྲུག་རྩོད་ཁྲོད་བསད་ཟེར། ཨ་ཏི་ལཱ་དབྱེ་ཡིས་གསལ་སྒྲོག་ཐུང་ངུ་གཞན་པ་ཞིག་ལས་བསྟན་དོན། དབྱི་སི་རལ་གྱི་མཁའ་དམག་གིས་ནོའུ་ཨར་ཧྲ་མུའུ་སི་ནས་དྲག་ཆས་ཉེས་ཅན་མང་བོ་བསད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།