ཨེ་སཱ་ཁི་ཨེ་ཁའེ་ཐང་གའི་དབུ་བཞུགས་བློན་ཆེན་གསར་པར་བདམས་ཐོན་བྱུང་།
2024.12.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཞི་བདེ་རྒྱ་མཚོ་ཆེན་མོ་ལྷོ་མའི་གླིང་ཕྲན་རྒྱལ་ཁབ་ཐང་གའི་གྲོས་ཁང་གིས་ཚེས24ཉིན་སྔོན་ཆད་ཀྱི་ནོར་སྲིད་དང་རྒྱལ་ཁབ་འཆར་འགོད་ཀྱི་བློན་ཆེན་ཨེ་སཱ་ཁི་ཨེ་ཁའེ་ཐང་གའི་དབུ་བཞུགས་བློན་ཆེན་གསར་པར་བསྐོ་འཇོག་བྱས་ཏེ། ཟླ་འདིའི་ཚེས་དགུ་ཉིན་ལས་ཁུར་དགོངས་ཞུ་བྱས་པའི་ཧུའུ་ཨ་ཁཱ་ཝ་མཱེ་ལེ་ཁུའུ་ཡི་ཚབ་ཏུ་འགན་ཁུར་དུ་བཅུག ཨེ་ཁའེ་ཡི་འགན་ཡུན་ནི་སྐབས་རྗེས་མའི་གྲོས་ཁང་འདེམ་བསྐོའི་སྔོན་བར་ཡིན་པ་རེད།

ཐང་གའི་ནོའུ་ཁུའུ་ཨ་ལོ་ཧྥ་རྒྱང་སྒྲོག་ཁང་གིས་བསྒྲགས་པ་ལྟར་ན། ཨེ་ཁའེ་ཡིས་ཉིན་དེའི་འདེམ་བསྐོའི་ཁྲོད་འགྲན་ཡ། ད་ལྟའི་ཉོ་ཚོང་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་བློན་ཆེན་ནམ་ཡུལ་སྐོར་བློན་ཆེན་ལཱ་ཐུའུ་ཕམ་པར་བཏང་ནས་བདེ་བླག་ངང་བདམས་ཐོན་བྱུང་བ་རེད་ཟེར།

ཐང་གའི་གྲོས་ཁང་ནི་གླིང་གཅིག་ལམ་ལུགས་ཡིན་པ་དང་བསྡོམས་པས་གྲོས་མི26ཡོད་ལ། དེའི་ནང་མི་སེར་དཀྱུས་མའི་གྲོས་མི17དང་སྐུ་དྲག་གི་གྲོས་མི9ཡོད་པ་དང་། ལོ་བཞིའི་ནང་འདེམ་བསྐོ་ཐེངས་རེ་བྱེད་པ་རེད། སྐབས་རྗེས་མའི་ཐང་གའི་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་དེ2025ལོའི་ཟླ11པར་སྤེལ་རྒྱུ་ཡིན་ལ། དེ་ལས་དབུ་བཞུགས་བློན་ཆེན་གསར་པ་དང་གྲོས་མི་འདེམ་བསྐོ་བྱེད་དགོས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།