ཧཱ་སག་སི་ཐན་གྱི་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་ལས་མི38རྐྱེན་ལམ་དུ་ཤོར།
2024.12.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཧཱ་སག་སི་ཐན་གྱི་བྲེལ་མྱུར་གནས་ཚུལ་པུའུ་ཡིས་ཚེས25ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཨ་སེ་པེད་ཅང་གི་པཱ་ཁུའུ་ནས་ཨུ་རུ་སིའི་ཀི་ལོ་ཙི་ནེ་རུ་འཕུར་བའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཉིན་དེར་ཧཱ་སག་སི་ཐན་ནུབ་ཕྱོགས་ཀྱི་ཨ་ཁི་ཐའོ་གྲོང་ཁྱེར་ཉེ་འདབས་སུ་སར་ལྷུང་བ་དང་། མིག་སྔར་མི38རྐྱེན་ལམ་དུ་ཤོར་ཟེར།

ཧཱ་སག་སི་ཐན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཧཱ་སག་སི་ཐན་གྱི་ཙུང་ལི་གཞོན་པ་པའོ་ཙུའུ་མུའུ་པཱ་ཡེ་ཧྥུའུ་ཡིས་ཉིན་དེར་ཨ་ཁི་ཐའོ་ནས་ཨ་སེ་པེད་ཅང་གི་འཐུས་ཚབ་ཚོགས་པར་ཐུག་འཕྲད་བྱེད་སྐབས་དོན་རྐྱེན་དེ་ལས་མི38རྐྱེན་ལམ་དུ་ཤོར་བ་བདེན་དཔང་བྱས། ཁོས་བསྟན་དོན། དོན་རྐྱེན་དེའི་རྟོག་ཞིབ་བྱ་བ་ཧཱ་སག་སི་ཐན་གྱི་ཞིབ་བཤེར་ཁང་དང་ནང་སྲིད་པུའུ། རྒྱལ་ཁབ་མཁའ་འགྲུལ་ཅུའུ་བཅས་ཀྱི་ལྟ་རྟོག་འོག་སྤེལ་བཞིན་ཡོད་ཟེར།

འགྲུལ་སྐྱེལ་གནམ་གྲུ་དེ་ཨ་སེ་པེད་ཅང་མཁའ་འགྲུལ་ཀུང་ཟིར་གཏོགས་པ་དང་། གནམ་གྲུའི་སྟེང་དུ་འགྲུལ་བ62དང་གནམ་གྲུའི་སྟེང་གི་ལས་བྱེད་མི་སྣ5ཡོད། ཧཱ་སག་སི་ཐན་བྲེལ་མྱུར་གནས་ཚུལ་པུའུ་ཡིས་ཉིན་དེར་སྤེལ་བའི་གནས་ཚུལ་ལས་བཤད་རྒྱུར། གནམ་གྲུའི་སྟེང་གི་ལས་བྱེད་མི་སྣས་ཚེས25ཉིན་གྱི་ཞོགས་པའི་དུས་ཚོད8དང་སྐར་མ35སྟེང་ཉེན་སྐྱོབ་བརྡ་རྟགས་བཏང་ནས་ཚོད་འཛིན་མ་ལག་ལ་ཆག་སྐྱོན་བྱུང་བ་སྙན་ཞུ་བྱས། དེའི་རྗེས་སུ་དུས་ཚོད8དང་སྐར་མ49སྟེང་ཨ་ཁི་ཐའོ་རུ་བྲེལ་མྱུར་ངང་འབབ་རྒྱུའི་རེ་ཞུ་བྱས། འགྲུལ་སྐྱེལ་གནམ་གྲུ་དེ་དུས་ཚོད9དང་སྐར་མ28སྟེང་ཨ་ཁི་ཐའོ་ཉེ་འདབས་ནས་སར་ལྷུང་བ་རེད། ཨ་སེ་པེད་ཅང་གི་སྤྱི་ཁྱབ་ཞིབ་དཔྱོད་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། སྲོག་ཉེན་ལས་ཐར་བའི་མི32རྙེད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།