སི་རི་ཡཱའི་སྨྱན་བྱད་མང་བོས་ཚེས25ཉིན་བསྒྲགས་པ་ལྟར་ན། སི་རི་ཡཱའི་ཞིང་ཆེན་མང་བོ་ནས་ཉིན་དེར་ངོ་རྒོལ་བྱ་འགུལ་སྤེལ་ནས་མི་སྣར་ཤི་རྨས་ཐེབས་ཡོད་པ་དང་། སི་རི་ཡཱའི་དབུས་ཕྱོགས་དང་ནུབ་ཕྱོགས་ཀྱི་གྲོང་ཁྱེར་གཉིས་ནས་དེའི་རྗེས་སུ་མཚན་མགྲོན་འགོག་རྒྱུ་ཁྱབ་བསྒྲགས་བྱས།
བསྒྲགས་པ་ལྟར་ན། སི་རི་ཡཱའི་བྱང་ཕྱོགས་ཀྱི་ཨ་ལེ་ཕའོ་ཞིང་ཆེན་གྱི་ཨ་ལཱ་ཝེ་ཕྱོགས་ཁག་གི་གནས་མཆོག་ལ་འཇབ་རྒོལ་ཐེབས་པའི་བརྙན་རིས་ཚེས25ཉིན་དྲ་ཐོག་ཏུ་བརྒྱུད་བསྐུར་བྱེད་བཞིན་ཡོད་པ་དང་། དེ་མ་ཐག་སི་རི་ཡཱའི་ནུབ་ཕྱོགས་ཀྱི་མཚོ་འགྲམ་གྲོང་ཁྱེར་མང་བོ་དང་རྒྱལ་ས་ཏཱ་མཱ་ཧྲི་ཀི དབུས་ཕྱོགས་ཀྱི་ཧའོ་མུའུ་སི་གྲོང་ཁྱེར། ཧཱ་མཱ་ཞིང་ཆེན་བཅས་ཀྱི་ཞིང་སྡེ་ས་ཁུལ་ནས་ཀྱང་ངོ་རྒོལ་བྱ་འགུལ་སྤེལ་བ་རེད་ཟེར།
སི་རི་ཡཱའི་ནང་སྲིད་པུའུ་ཡི་གསར་འགྱུར་གཞུང་སྒྲུབ་ཁང་གིས་གསལ་སྒྲོག་གཅིག་ལས་བཤད་རྒྱུར། ཚེས25ཉིན་དྲ་ཐོག་ཏུ་བརྒྱུད་བསྐུར་བྱེད་པའི་འབྲེལ་ཡོད་བརྙན་རིས་ནི་སྔོན་ཆད་གནས་ཚུལ་ཡིན་པ་དང་། དེ་ནི་ཐོབ་ཐང་གསལ་བོར་མི་ཤེས་པའི་རྩ་འཛུགས་རེ་འགས་ཨ་ལེ་ཕའོ་བཅིངས་འགྲོལ་སྐབས་སྤེལ་བའི་བྱ་སྤྱོད་རེད།
བརྙན་རིས་དེ་དག་ཡང་བསྐྱར་སྤེལ་བའི་དམིགས་ཡུལ་ནི་མིག་སྔར་ཛ་དྲག་ཆེ་བའི་དུས་སྐབས་སུ་སི་རི་ཡཱའི་མི་དམངས་ལ་འགྲིག་མཐུན་མི་ཡོང་བར་ངན་སྐུལ་བྱེད་ཆེད་རེད་ཟེར། མཚོ་འགྲམ་ས་ཁུལ་དུ་གནས་པའི་ཨ་སཱ་ཏིའི་སྲིད་དབང་གི་སྟོབས་ཤུགས་ལྷག་འཕྲོས་རྫུན་གཏམ་བེད་སྤྱད་ནས་ནང་སྲིད་པུའུ་ཡི་དྲག་ཆས་མི་སྣར་འཇབ་རྒོལ་བྱས་ཏེ་མི་མང་བོར་ཤི་རྨས་བཟོས་ཡོད་ཟེར།
ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཧའོ་མུའུ་སི་གྲོང་ཁྱེར་གྱི་ཉེན་རྟོག་པའི་བཀོད་འདོམས་པུའུ་ཡི་ཚེས25ཉིན་གྱི་དགོང་མོའི་དུས་ཚོད་དྲུག་ནས་ཚེས26ཉིན་གྱི་ཞོགས་པའི་དུས་ཚོད་བརྒྱད་བར་མཚན་མགྲོན་འགོག་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། ནུབ་ཕྱོགས་ཀྱི་ལཱ་ཐཱ་ཅི་ཡཱ་ཞིང་ཆེན་གྱི་ཅེ་པུའུ་ལའེ་གྲོང་ཁྱེར་སྲིད་གཞུང་གིས་ཚེས25ཉིན་གྱི་དགོང་མོའི་དུས་ཚོད་བརྒྱད་ནས་ཚེས26ཉིན་གྱི་ཞོགས་པའི་དུས་ཚོད་བརྒྱད་བར་མཚན་མགྲོན་འགོག་རྒྱུ་ཁྱབ་བསྒྲགས་བྱས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།