ལི་པུ་ཡཱ་ཡིས་ཁྲིམས་འགལ་གནས་སྤོར་སྡོད་དམངས་སྐོར་ཞིག་ཕྱིར་ལྡོག་བྱས།
2024.12.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ལི་པུ་ཡཱའི་ཁྲིམས་འགལ་གནས་སྤོར་སྡོད་དམངས་དོ་དམ་སྡེ་ཁག་གིས་ཚེས25ཉིན་རྒྱལ་ས་ཏི་ལེ་པའོ་ལི་ནས་ནེ་ཀྲིར་དུ་ཁྲིམས་འགལ་གནས་སྤོར་སྡོད་དམངས་སྐོར་ཞིག་ཕྱིར་ལྡོག་བྱས།

ལི་པུ་ཡཱའི་ཁྲིམས་འགལ་གནས་སྤོར་སྡོད་དམངས་དོ་དམ་སྡེ་ཁག་གི་མགྲིན་ཚབ་པ་པུའུ་ལོས་ཏཱ་ཡིས་ཉིན་དེར་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། དེ་ནི་ལི་པུ་ཡཱ་ཡིས་ལོ་ངོ་བཅུ་ཕྲག་ལྷག་གི་རིང་ལ་ཐོག་དང་པོར་སྐམ་ས་བརྒྱུད་དེ་ནེ་ཀྲིར་དུ་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཕྱིར་ལྡོག་བྱས་པ་རེད་ཟེར། པུའུ་ལོས་ཏཱ་ཡིས་ཉིན་དེར་ཕྱིར་ལྡོག་བྱས་པའི་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཀྱི་ཁ་གྲངས་གསལ་བོར་བསྒྲགས་མེད།

2011ལོའི་ཚུན་ལ། ལི་པུ་ཡཱའི་དབང་འཛིན་ལས་ཁུངས་བསྟུད་མར་ཟང་ཟིང་གི་གནས་སུ་ལྷུང་བ་དང་། ཁྲིམས་འགལ་གནས་སྤོར་སྡོད་དམངས་མང་བོ་ལི་པུ་ཡཱ་བརྒྱུད་དེ་གྲུ་གཟིངས་ལ་བསྡད་ནས་ས་དཀྱིལ་མཚོ་ཁོངས་བརྒལ་ནས་ཡོ་རོབ་གླིང་དུ་སོང་། ལི་པུ་ཡཱའི་ནང་སྲིད་པུའུ་ཀྲང་ཐི་ལཱ་པེ་ཨར་ཞི་ཡིས་ད་ལོའི་ཟླ7པར་བཤད་རྒྱུར། ལི་པུ་ཡཱའི་ཕྱི་རྒྱལ་གྱི་མི་གྲངས་མི་ས་ཡ་གཉིས་དང་འབུམ་ལྔ་ཙམ་ཡིན་པ་དང་། དེའི་ནང་མི་མང་བོར་ཁྲིམས་མཐུན་གྱི་ལམ་ཡིག་མེད་ལ། གཙོ་བོ་ཁྲིམས་འགལ་གྱིས་རྒྱལ་མཚམས་བརྒལ་ནས་ཡོང་བ་རེད་ཟེར། ཁོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལི་པུ་ཡཱ་ལ་རོགས་རམ་བྱས་ནས་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།