ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་གྱིས་ཐུན་མོང་ཚོང་རའི་འཁོར་སྐྱོད་སོགས་ཀྱི་ཐད་ནས་ཡིག་ཆ་མང་བོར་གྲོས་མཐུན་བཀོད།
2024.12.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་གྱི་ཆེས་མཐོའི་དབང་ཤུགས་ལས་ཁུངས་ཀྱི་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཆེས་མཐོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཚེས26ཉིན་ཨུ་རུ་སིའི་ལེ་ཉིན་ཀི་ལེ་མངའ་སྡེ་ནས་བསྡུས། ཚོགས་ཞུགས་ཕྱོགས་ཁག་སོ་སོས་མནའ་འབྲེལ་གྱི་ཐུན་མོང་ཚོང་རའི་འཁོར་སྐྱོད་སོགས་ཀྱི་ཐད་ནས་ཡིག་ཆ་མང་བོར་གྲོས་མཐུན་བཀོད།

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི། ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་ཀྲ་ཕཱ་ལོ་ཧྥུའུ་སོགས་ཉིན་དེའི་གྲོས་ཚོགས་ལ་ཞུགས། ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཨེ་མེ་ནི་ཡཱའི་ཙུང་ལི་ཕཱ་ཧྲི་ནེ་དབྱང་གིས་བརྙན་རིས་བརྒྱུད་དེ་གྲོས་ཚོགས་ལ་མགོ་འཛིན་བྱས། ཕྱོགས་སོ་སོས་མནའ་འབྲེལ་གྱི་ད་ལོའི་བྱ་བའི་གྲུབ་འབྲས་ལ་སྤྱི་བསྡོམས་བྱས་པར་མ་ཟད་གཞི་གཅིག་ཅན་གྱི་འཛུགས་སྐྲུན་གནད་དོན་དང་མ་འོངས་པའི་འཆར་འགོད་ལ་གྲོས་བསྡུར་བྱས་ཏེ། ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་དང་ཕྱོགས་གསུམ་པའི་གཅིག་གྱུར་སྒོ་གཅལ་གྱི་མངའ་ཁོངས་བརྒལ་བའི་མ་ལག་གི་གྲོས་མཐུན་དང་། ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་གྱི་ཆིངས་ཡིག་གི་བཟོ་བཅོས་འཆར་ཟིན་གྲོས་ཆོད་ཡི་གེ། ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་ནང་ཁུལ་གྱི་ཐུན་མོང་ཞབས་ཞུའི་ཚོང་རའི་འཁོར་སྐྱོད་སྐོར་གྱི་བཀའ་རྒྱ། དེ་མིན་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་གྱི་ཐུན་མོང་གློག་ཤུགས་ཚོང་ར་ཆགས་པར་དམིགས་པའི་བྱེད་ཐབས་འཆར་གཞིར་བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན་དང་། 2025ལོའི་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་གྱི་རྒྱལ་སྤྱིའ་བྱ་འགུལ་གྱི་ཁ་ཕྱོགས་གཙོ་བོའི་ཆོད་དོན་སོགས་ཡིག་ཆ་རབ་དང་རིམ་པར་གྲོས་འཆམ་བྱུང་།

གཞན་ཡང་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་གྱིས་ན་ནིང་ཟླ12པར་དབྱི་ལིང་བར་བཀོད་པའི་ཕྱོགས་ཡོངས་ཀྱི་རང་དབང་ཉོ་ཚོང་གྲོས་ཆོད་ནུས་ལྡན་དུ་འགྱུར་བར་ཆོག་མཆན་བཀོད་པ་དང་། དེའི་ཞོར་དུ་དབྱི་ལིང་ལ་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་གྱི་ལྟ་ཞིབ་པའི་གོ་གནས་སྟེར་རྒྱུ་ཐག་བཅད།


བསོད་ནམས་ཚེ་རིང་གིས་བསྒྱུར།