ཕཱ་ཁི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་པའོ་ལིག་ཁྲུ་ཡིས་ཚེས26ཉིན་བཤད་རྒྱུར། ཕཱ་ཁི་སི་ཐན་གྱི་བདེ་འཇགས་དང་ཁྲིམས་བསྟར་མི་སྣས་མཐའ་མཚམས་ས་ཁུལ་དུ་འཇིགས་སྐུལ་ངོ་རྒོལ་འགུལ་སྐྱོད་སྤེལ་ནས། ཕཱ་ཁི་སི་ཐན་གྱི་མི་དམངས་ལ་ཕཱ་ཁི་སི་ཐན་གྱི་ཐཱ་ལེ་པན་དང་བཅས་པའི་འཇིགས་སྐུལ་རྩ་འཛུགས་ཀྱི་འཇབ་རྒོལ་ཐེབས་པར་སྔོན་འགོག་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།
པའོ་ལིག་ཁྲུ་ཡིས་ཉིན་དེར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཕཱ་ཁི་སི་ཐན་གྱི་མཁའ་དམག་གིས་ཨ་ཧྥུའུ་ཧན་གྱི་ཕཱ་ཁི་ཐིས་ཁཱ་ཞིང་ཆེན་དུ་འགས་གཏོར་བཏང་སྟེ་མི་སྣར་ཤི་རྨས་ཐེབས་པའི་ཐད་ནས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བཤད་རྒྱུར། ཕཱ་ཁི་སི་ཐན་ཕྱོགས་ཀྱི་འགུལ་སྐྱོད་དེས་དོན་དངོས་དང་བྱེ་བྲག་གི་གསང་འཕྲིན་རྨང་གཞིར་བཟུང་ནས་སེམས་ཞིབ་མོས་གདམ་གསེས་བྱས་ཡོད་ཟེར། མོས་བསྟན་དོན། ཕཱ་ཁི་སི་ཐན་གྱིས་ཨ་ཧྥུའུ་ཧན་གྱི་བདག་དབང་ལ་བརྩི་འཇོག་བྱེད་ཅིང་། ཐོག་མཐའ་བར་གསུམ་དུ་ཨ་ཧྥུའུ་ཧན་བར་གྱི་གྲོས་མོལ་མཉམ་ལས་བྱེད་པ་དེ་འཇིགས་སྐུལ་འཇིགས་ཉེན་གྱི་ཐོག་མའི་ཁ་ཕྱོགས་སུ་བྱས་ཡོད་ལ། ཨ་ཧྥུའུ་ཧན་ཕྱོགས་ཀྱིས་རང་གི་མངའ་ཁོངས་དེ་ཕཱ་ཁི་སི་ཐན་ལ་འཇིགས་སྐུལ་འཇབ་རྒོལ་གང་རུ་སྤེལ་བའི་གནས་སུ་འགྱུར་བར་སྔོན་འགོག་བྱེད་དགོས་ཟེར།
ཨ་ཧྥུའུ་ཧན་གྱི་གནས་སྐབས་སྲིད་གཞུང་གི་མགྲིན་ཚབ་པ་མུའུ་ཅཱ་ཞེ་ཏི་ཡིས་ཚེས25ཉིན་བཤད་རྒྱུར། ཕཱ་ཁི་སི་ཐན་གྱི་མཁའ་དམག་གིས་ཚེས24ཉིན་གྱི་དགོང་མོར་ཨ་ཧྥུའུ་ཧན་ཤར་ཕྱོགས་ཀྱི་ཕཱ་ཁི་ཐིས་ཁཱ་ཞིང་ཆེན་གྱི་པཱ་ཨར་མཱ་ལེ་ས་ཁུལ་གྱི་གནས་བཞིར་འགས་གཏོར་བཏང་སྟེ། མི46རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་མང་ཆེ་བ་ནི་བུད་མེད་དང་བྱིས་པ་རེད་ཟེར། ཨ་ཧྥུའུ་ཧན་གྱི་གནས་སྐབས་སྲིད་གཞུང་གི་མགྲིན་ཚབ་པ་གཞོན་པ་ཧྥེ་ཐི་ལཱ་ཐི་ཡིས་དེའི་རྗེས་སུ་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བདེན་དཔང་བྱས་དོན། རྐྱེན་ལམ་དུ་ཤོར་བའི་མི་གྲངས་མི51ལ་འཕར་ཡོད་ཟེར།
ཨ་ཧྥུའུ་ཧན་གནས་སྐབས་སྲིད་གཞུང་གི་ཕྱི་འབྲེལ་པུའུ་ཡིས་ཚེས25ཉིན་ཕཱ་ཁི་སི་ཐན་གྱི་ཨ་ཧྥུའུ་ཧན་དུ་སྡོད་པའི་གཞུང་ཚབ་ཁང་གི་འགོ་ཁྲིད་པ་ཚབ་མར་ཐུག་འཕྲད་བྱས། ཨ་ཧྥུའུ་ཧན་གྱི་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་སྤེལ་ནས་བཤད་རྒྱུར། ཨ་ཧྥུའུ་ཧན་ཕྱོགས་ཀྱིས་ཕཱ་ཁི་སི་ཐན་ཕྱོགས་ཀྱི་ཐེངས་འདིའི་འཇབ་རྒོལ་ལ་རྒོལ་གཏམ་དྲག་པོ་གཏོང་བཞིན་ཡོད་ཅིང་། རྒྱལ་ཁབ་ཀྱི་བདག་དབང་ལ་སྲུང་སྐྱོབ་བྱེད་པའི་ནི་ཨ་ཧྥུའུ་ཧན་གྱི་མ་མཐའི་ཚད་ཐིག་ཡིན་ལ། ཕཱ་ཁི་སི་ཐན་ཕྱོགས་ཀྱི་བྱ་སྤྱོད་དེ་རིགས་ནི་འགན་མི་ཁུར་བའི་སྣང་ཚུལ་ཞིག་རེད་ཟེར།
ཕཱ་ཁི་སི་ཐན་གྱི་དམག་གསུམ་གསར་འགྱུར་ཅུའུ་ཡིས་ཨ་ཧྥུའུ་ཧན་ཕྱོགས་ཀྱི་སྐྱོན་འཛུགས་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད།
བསོད་ནམས་ཚེ་རིང་གིས་བསྒྱུར།