ཕཱ་ལེ་སི་ཐན་གྱིས་དབྱི་སི་རལ་གྱི་པུའུ་ཀྲང་ཡང་བསྐྱར་ལྷ་ཁང་རི་བོའི་ས་ཁོངས་སུ་ཡོང་བར་རྒོལ་གཏམ་བཏང་།
2024.12.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

དབྱི་སི་རལ་གྱི་རྒྱལ་ཁབ་བདེ་འཇགས་པུའུ་ཀྲང་པིན་ཀི་ཝེ་ཨར་གྱིས་ཚེས26ཉིན་ཉེན་རྟོག་ཕྱོགས་ཀྱི་འགེབས་སྲུང་འོག་ཡང་བསྐྱར་ཡེ་ལུའུ་སཱ་ལེམ་མཁར་རྙིང་གི་ལྷ་ཁང་རི་བོའི་ས་ཁོངས་སུ་ཡོང་བ་དང་། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་བཞུགས་ཁག་གི་མགྲིན་ཚབ་པས་བཙན་འཛུལ་བྱ་སྤྱོད་དེར་རྒོལ་གཏམ་བཏང་།

པིན་ཀི་ཝེ་ཨ་གྱིས་རང་གི་དྲ་ཚིགས་སྟེང་བཤད་རྒྱུར། རང་ཉིད་ལྷ་ཁང་རི་བོར་ཡོང་བ་ནི་དབྱི་སི་རལ་གྱི་དམག་མི་དང་བཀག་འཇུག་ཐེབས་པའི་མི་སྣ་དག་བདེ་འཇགས་ངང་རང་ཁྱིམ་དུ་ལོག་པར་གསོལ་འདེབས་བྱེད་པ་དང་། དབྱི་སི་རལ་ལ་མཇུག་མཐའི་རྒྱལ་ཁ་ཐོབ་པར་གསོལ་འདེབས་བྱེད་ཆེད་ཡིན་ཟེར།

པིན་ཀི་ཝེ་ཨར་ནི་གཡས་ཕྱོགས་ཏང་སྲིད་ཡིའུ་ཐེ་བའི་སྟོབས་ཤུགས་ཏང་གི་མགོ་ཁྲིད་པ་ཡིན་ཞིང་། ཐེངས་མང་བོར་གྲོས་མིའི་ཐོབ་ཐང་དང་རྒྱལ་ཁབ་ཀྱི་བདེ་འཇགས་པུའུ་ཀྲང་གི་ཐོབ་ཐང་གིས་རྩོད་གཞིར་གྱུར་བའི་ས་ཁོངས་དེར་ཡོང་བ་རེད། ཁོ་རང་ཡང་བསྐྱར་ལྷ་ཁང་རི་བོའི་ས་ཁོངས་སུ་ཡོང་བའི་ཐད་ནས་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡི་གཞུང་སྒྲུབ་ཁང་གིས་ཚེས26ཉིན་གསལ་སྒྲོག་སྤེལ་ཏེ། ལྷ་ཁང་རི་བོའི་ད་ལྟའི་གནས་ཚུལ་ལ་འགྱུར་ལྡོག་བྱུང་མེད་ཟེར།

ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་ཚེས26ཉིན་བསྒྲགས་པ་ལྟར་ན། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་བཞུགས་ཤག་གི་མགྲིན་ཚབ་པ་ལུའུ་ཏའེ་ནཱ་ཡིས་ཉིན་དེར་བསྟན་དོན། ཨ་ཁི་སཱ་དབྱི་སི་ལན་ཆོས་ཁང་གི་ལོ་རྒྱུས་དང་བཅའ་ཁྲིམས་ཀྱི་ད་ལྟའི་གནས་ཚུལ་ལ་གཏོར་བརླག་བྱེད་པ་ནི་ཉེན་ཁའི་བྱ་སྤྱོད་ཅིག་ཡིན་པ་དང་། པིན་ཀི་ཝེ་ཨར་གྱི་བྱ་སྤྱོད་ལ་རྒོལ་གཏམ་དང་ངོ་རྒོལ་ཐེབས་ངེས་རེད་ཟེར།

ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ཚེས26ཉིན་གསལ་སྒྲོག་སྤེལ་ཏེ། དེ་ནི་ཉེན་ཁའི་བཙན་འཛུལ་བྱ་སྤྱོད་གསར་བ་ཞིག་ཡིན་པ་དང་། ཨ་རབ་དང་དབྱི་སི་ལན་རྒྱལ་ཁབ་དག་གིས་ངེས་པར་དུ་གནས་མཆོག་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ཁུར་དུ་ལེན་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།