ཧྥུན་ལན་ཉེན་རྟོག་ཕྱོགས་ཀྱིས་ཚེས26ཉིན་བཤད་རྒྱུར། ཧྥུན་ལན་གྱི་ཁྲིམས་འཛིན་སྡེ་ཁག་གིས་སྣུམ་འདྲུད་གྲུ་གཟིངས་ཤིག་ལ་རྟོག་ཞིབ་བྱེད་བཞིན་ཡོད་པ་དང་། སྣུམ་འདྲུད་གྲུ་གཟིངས་དེ་ཚེས25ཉིན་པའོ་ལོ་ཏིས་མཚོ་ཁོངས་ཀྱི་ཧྥུན་ལན་དང་ཨེ་སོ་ནི་ཡཱ་གཅིག་ཏུ་སྦྲེལ་བའི་མཚོ་ཞབས་ཀྱི་གློག་སྐུད་བཅད་པའི་དོན་རྐྱེན་ལ་འབྲེལ་བ་ཡོད་ཀྱང་སྲིད་ཟེར།
ཧྥུན་ལན་ཉེན་རྟོག་ཕྱོགས་ཀྱིས་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ལྟར་ན། མཚོ་ཞབས་ཀྱི་གློག་སྐུད་བཅད་པའི་དོན་རྐྱེན་དེ་ཧྥུན་ལན་གྱི་ཆེད་གཏོགས་དཔལ་འབྱོར་ས་ཁོངས་ནང་བྱུང་བ་རེད། རྟོག་ཞིབ་དང་ལེན་བྱེད་པའི་སྣུམ་འདྲུད་གྲུ་གཟིངས་དེའི་མིང་ལ་གླག་རྒོདSཟེར་བ་དང་། ཁུའུ་ཁི་གླིང་ཚོམས་ནས་ཐོ་འགོད་བྱས་པ་རེད། ཧྥུན་ལན་ཉེན་རྟོག་ཕྱོགས་དང་མཐའ་སྲུང་ཉེན་སྲུང་རུ་ཁག་གིས་གླག་རྒོདSཟེར་བའི་སྣུམ་འདྲུད་གྲུ་གཟིངས་དེར་རྟོག་ཞིབ་བྱེད་བཞིན་ཡོད་པ་དང་། མིག་སྔར་གྱོད་དོན་དེ་ནི་ཉེས་དོན་གཏོར་བརླག་ཚབས་ཆེན་གྱི་དོན་རྐྱེན་དུ་ངོས་འཛིན་བྱས་ཡོད་ལ། ཧྥུན་ལན་རྒྱལ་ཁབ་རྟོག་ཞིབ་ཅུའུ་ཡིས་སྣེ་ཁྲིད་དེ་རྟོག་ཞིབ་བྱེད་པ་དང་། ཉེན་རྟོག་ཕྱོགས་ཀྱིས་ཨེ་སོ་ནི་ཡཱའི་བར་མཉམ་ལས་ཟབ་མོ་བྱེད་བཞིན་ཡོད་ཟེར།
ཧྥུན་ལན་སྲིད་གཞུང་གིས་ཚེས26ཉིན་གསར་འགྱུར་སྤྱི་སྒྲོག་ཅིག་ལས་བཤད་རྒྱུར། དོན་རྐྱེན་དེ་ལས་གནས་སྐབས་སུ་ཧྥུན་ལན་གྱི་གློག་ཤུགས་མ་ལག་ལ་འཇིགས་ཉེན་ཐེབས་མི་སྲིད་པ་དང་། དུས་ཡུན་ཐུང་ངུའི་ནང་གློག་རིན་ལ་ཤུགས་རྐྱེན་ཆེན་པོ་ཐེབས་མི་སྲིད་ཟེར།
ཧྥུན་ལན་གྱི་ཙུང་ལི་ཨོ་ཨར་པའོ་ཡིས་ཚེས26ཉིན་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། ཐེངས་འདིའི་དོན་རྐྱེན་ཧ་ཅང་ཚབས་ཆེན་ཡིན་པ་དང་། ཧྥུན་ལན་གྱིས་དོན་དེའི་ཐད་ནས་ཡོ་རོབ་གླིང་བྱང་མའི་རྒྱལ་ཁབ་དང་པའོ་ལོ་ཏིས་མཚོ་ཁོངས་རྒྱལ་ཁབ། བྱང་ཆིངས་རྩ་འཛུགས། དེ་མིན་ཡོ་རོབ་གླིང་མནའ་འབྲེལ་སོགས་ཀྱི་བར་འབྲེལ་འདྲིས་བྱས་ཡོད་ཟེར། ཁོས་བསྟན་དོན། ཧྥུན་ལན་གྱིས་རིགས་དེ་མཚུངས་ཀྱི་དོན་རྐྱེན་ཐག་གཅོད་བྱེད་པའི་ནུས་པར་ཤུགས་སྣོན་དགོས་པ་དང་། འབྲེལ་ཡོད་ཀྱི་ཁྲིམས་འཛུགས་བཅའ་ཁྲིམས་ལ་ཞིབ་བཤེར་བྱས་ནས་སྔར་ལས་ལྷག་པའི་སྒོ་ནས་འཕྲལ་བསྟུན་ཐག་གཅོད་ཀྱི་ཆུ་ཚད་མཐོར་འདེགས་གཏོང་དགོས་ཟེར།
ཨེ་སོ་ནི་ཡཱའི་ཙུང་ལི་མུས་ཁྲ་ཨར་གྱིས་ཚེས26ཉིན་ཤུགས་ཆེན་པོས་ཧྥུན་ལན་གཙོ་བྱས་པའི་རྟོག་ཞིབ་བྱ་བར་རམ་འདེགས་བྱེད་རྒྱུ་ཁས་ལེན་བྱས་པར་མ་ཟད། ཨེ་སོ་ནི་ཡཱའི་མཚོ་དམག་གིས་མནའ་འབྲེལ་གྲོགས་པོ་དང་མཉམ་དུ་གནད་འགག་གི་རྨང་གཞིའི་སྒྲིག་ཆས་ཉེ་འཁོར་གྱི་སྐོར་གཡེང་ལ་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན།
དེ་ལས་གཞན་ཧྥུན་ལན་སྨྱན་བྱད་ཀྱིས་ཚེས26ཉིན་བསྒྲགས་པ་ལྟར་ན། པའོ་ལོ་ཏིས་མཚོ་ཁོངས་སུ་ཧྥུན་ལན་ནས་རྒྱལ་ཁབ་གཞན་པར་འཐེན་པའི་མཚོ་ཞབས་ཀྱི་འཕྲིན་གཏོང་གློག་སྐུད་བཞིར་གནོད་སྐྱོན་ཐེབས་ཡོད་པ་དང་། མིག་སྔར་ད་རུང་གནོད་སྐྱོན་དེ་རིགས་ཐེངས་འདིའི་གློག་འདྲེན་གློག་སྐུད་ཀྱི་དོན་རྐྱེན་ལ་འབྲེལ་བ་ཡོད་མིན་གསལ་བོར་མི་ཤེས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།