ཕུའུ་ཅིན་གྱིས་སི་ལོ་ཝ་ཁི་ནི་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་གྲོས་མོལ་སྟེགས་བུ་ཡིན་པའི་ཆ་ནས་སྒོ་འབྱེད་ཀྱི་རྣམ་འགྱུར་བཟུང་ཡོད་པའི་ཚུལ་བསྟན།
2024.12.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས26ཉིན་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་སི་ལོ་ཝ་ཁི་དེ་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་གྲོས་མོལ་སྟེགས་བུ་ཡིན་པའི་ཆ་ནས་སྒོ་འབྱེད་ཀྱི་རྣམ་འགྱུར་བཟུང་ཡོད་ཟེར།

ཕུའུ་ཅིན་གྱིས་ཉིན་དེར་ལེ་ཉིན་ཀི་ལེ་མངའ་སྡེ་ནས་བསྡུས་པའི་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་གྱི་ཆེས་མཐོའི་དབང་ཤུགས་ལས་ཁུངས་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཆེས་མཐོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་གྲོལ་རྗེས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། སི་ལོ་ཝ་ཁིའི་ཙུང་ལི་ཧྥེ་ཙོ་ཡིས་ཉེ་སྔོན་ཨུ་རུ་སིར་འཚམས་འདྲི་བྱེད་སྐབས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་གྲོས་མོལ་སྟེགས་བུར་བྱེད་འདོད་ཡོད་པའི་ཚུལ་བསྟན་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་བལྟས་ན་སི་ལོ་ཝ་ཁི་ཡིས་དབུ་མའི་ལངས་ཕྱོགས་བཟུང་ཡོད་པར་འདོད་ལ། གྲོས་གཞི་དེར་སྒོ་འབྱེད་ཀྱི་རྣམ་འགྱུར་བཟུང་ཡོད་ཟེར།

ཕུའུ་ཅིན་གྱིས་བསྟན་དོན། ཨུ་རུ་སི་ཡིས2025ལོར་འཆར་གཞི་ལྟར་དམིགས་བསལ་དམག་དོན་འགུལ་སྐྱོད་ལ་སྐུལ་འདེད་བཏང་སྟེ་དམིགས་འབེན་ཚང་མ་མངོན་འགྱུར་བྱེད་པར་འབད་འབུངས་བྱེད་རྒྱུ་ཡིན་པ་དང་། དེ་ནི་ལས་འགན་གཙོ་བོ་ཡིན་ལ། ཨུ་རུ་སིའི་ཕྱོགས་ཀྱིས་ཀྱང་འཁྲུག་རྩོད་མཚམས་འཇོག་པར་འབད་བརྩོན་བྱེད་བཞིན་ཡོད་ཟེར། ཁོས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་དགོས་གལ་ཆེ་དུས་སྒྲའི་མྱུར་ཚད་ལས་བརྒལ་བའི་འཕུར་མདའི་མ་ལག་བེད་སྤྱོད་བྱེད་སྲིད་ཀྱང་། དེར་བྲེལ་བ་ལངས་མི་སྲིད། རྒྱུ་མཚན་ནི་མཚོན་ཆ་དེ་རིགས་ཀྱི་སྟོབས་ཤུགས་ཧ་ཅང་ཆེ་བས་ཡིན་ལ། ངེས་གཏན་གྱི་གནད་དོན་ཐག་གཅོད་བྱེད་པ་དམིགས་ཡུལ་ཡིན་ཟེར། འཕུར་མདའི་མ་ལག་དེ་རིགས་ལ་མིག་སྔར་ཁ་གྲངས་མང་བོ་མེད་ཀྱང་ཐོན་སྐྱེད་བྱེད་མགོ་བརྩམས་ནས་དགོས་མཁོ་བསྐང་བར་འགན་སྲུང་བྱེད་རྒྱུ་ཡིན་ཟེར།

དེ་ལས་གཞན་ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་ཡིས་ཉིན་དེར་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་གྱི་ཆེས་མཐོའི་དབང་ཤུགས་ལས་ཁུངས་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཆེས་མཐོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ལ་ཞུགས་རྗེས་བསྟན་དོན། ཨུ་རུ་སི་དཀར་པོས་སྔོན་ལ་འཕུར་མདའི་མ་ལག་དེ་རིགས་ཆ་ཚང་བཅུ་བཀོད་སྒྲིག་བྱེད་པ་དང་། རྗེས་སུ་གནས་ཚུལ་ལ་གཞིགས་ནས་ཁ་སྣོན་བྱས་ན་བསམ་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།