འཇར་མན་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཧྲི་ཐེ་དབྱིན་མེད་ཨར་གྱིས་ཚེས27ཉིན་པའོ་ལིན་ནས་གྲོས་ཁང་ཞོལ་མ་གཏོར་རྒྱུ་དང་། སང་ལོའི་ཟླ2པའི་ཚེས23ཉིན་སྐབས་གསར་བའི་གྲོས་ཁང་ཞོལ་མའི་འདེམ་བསྐོའི་བྱ་འགུལ་སྤེལ་ནས་འཇར་མན་གྱི་ཙུང་ལིའི་འདེམ་སྒུག་པ་གསར་བ་གཏན་འཁེལ་བྱེད་རྒྱུའི་འཆར་གཞི་ཡོད་པ་ཁྱབ་བསྒྲགས་བྱས།
ཧྲི་ཐེ་དབྱིན་མེད་ཨར་གྱིས་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། འཇར་མན་ལ་འགུལ་སྐྱོད་སྤེལ་ཐུབ་པའི་སྲིད་གཞུང་མཁོ་བ་དང་། སྐབས་རྗེས་མའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་དེ་འགྲན་རྩོད་ཆེན་མོར་འཕྲད་ཡོད་པས། གནད་དོན་ཐག་གཅོད་བྱེད་པ་དེ་ཆབ་སྲིད་ཀྱི་ནང་དོན་གཙོ་བོར་གྱུར་ཡོད་ཟེར།
ཧྲི་ཐེ་དབྱིན་མེད་ཨར་གྱིས་ད་རུང་ཁྱབ་བསྒྲགས་བྱས་དོན། སང་ལོའི་ཟླ2པའི་ཚེས23ཉིན་སྐབས་གསར་བའི་གྲོས་ཁང་ཞོལ་མའི་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཡིན་པ་དང་། དུས་ཚོད་དེ་ནི་སྤྱི་ཚོགས་དམངས་གཙོ་ཏང་དང་ལྗང་མདོག་ཏང་། དེ་མིན་ཆེས་ཆེ་བའི་སྲིད་དབང་བཟུང་མེད་པའི་ཏང་ཁག་ཡེ་ཤུའི་ཆོས་ལུགས་དམངས་་གཙོ་མནའ་འབྲེལ་བཅས་དང་གྲོས་མོལ་བྱས་པའི་མཇུག་འབྲས་ཡིན་ཟེར།
ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། སྤྱི་ཚོགས་དམངས་གཙོ་ཏང་གི་ཧྲའོ་ཨར་ཚི་ལས་གཞན། མིག་སྔར་འཇར་མན་གྱི་ཙུང་ལིའི་འདེམ་སྒུག་པར་ད་རུང་ཡེ་ཤུའི་ཆོས་ལུགས་དམངས་གཙོ་མནའ་འབྲེལ་གྱི་ཀྲུའུ་ཞི་མའོ་ཚི་དང་། ལྗང་མདོག་ཏང་གི་ད་ལྟའི་ཙུང་ལི་གཞོན་པ་ཧཱ་པེ་ཁི། འཇར་མན་གདམ་གསེས་ཏང་གི་ཀྲུའུ་ཞི་ཝེ་ཏི་ཨར་བཅས་ཡོད།
ཟླ12པའི་ཚེས16ཉིན་སྤེལ་བའི་འཇར་མན་གྲོས་ཁང་ཞོལ་མའི་ཡིད་ཆེས་འདེམ་ཤོག་འཕེན་སྐབས། འཇར་མན་གྱི་ཙུང་ལི་ཧྲའོ་ཨར་ཚི་ལ་གྲོས་མི་མང་ཆེ་བའི་རྒྱབ་སྐྱོར་ཐོབ་མེད། འཇར་མན་གྱི་བཅའ་ཁྲིམས་ལྟར་ན། རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་གིས་ཙུང་ལིའི་གྲོས་གཞི་གཞིར་བཟུང་ནས། ཉིན21ནང་གྲོས་ཁང་ཞོལ་མ་གཏོར་ཆོག་པ་དང་། ཉིན60ནང་འདེམ་བསྐོའི་བྱ་འགུལ་གསར་བ་སྤེལ་དགོས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།