སི་རི་ཡཱའི་མེས་རྒྱལ་ཚགས་པར་གྱིས་ཚེས30ཉིན་བསྒྲགས་པ་ལྟར་ན། སི་རི་ཡཱ་ཡིས་མི་འགྱངས་པར་བསྡུ་རྒྱུ་ཡིན་པའི་རྒྱལ་ཡོངས་ཀྱི་གྲོས་མོལ་ཚོགས་འདུའི་ཆེད་དུ་གྲ་སྒྲིག་ཨུ་ཡོན་ལྷན་ཁང་བཙུགས་ནས། ཚོགས་ཞུགས་མཁན་གདན་ཞུ་བྱེད་པ་དང་གྲོས་ཚོགས་ཀྱི་བྱེ་བྲག་གི་གནས་ཚུལ་དང་དུས་ཚོད་སོགས་ལ་གྲོས་ཐག་གཅོད་པའི་འགན་ཁུར་རྒྱུ་རེད་ཟེར།
གནས་ཚུལ་ཤེས་མཁན་གྱིས་བཤད་རྒྱུར། མིག་སྔར་སི་རི་ཡཱའི་རིམ་པ་སོ་སོའི་བར་གྱི་གྲོས་མོལ་མུ་མཐུད་དུ་སྤེལ་བཞིན་ཡོད་པས། རྒྱལ་ཡོངས་ཀྱི་གྲོས་མོལ་ཚོགས་འདུར་ཞུགས་པའི་མི་གྲངས་མི་སྟོང་གཅིག་ལས་བརྒལ་སྲིད། སི་རི་ཡཱའི་བྱང་ཤར་གྱི་ས་ཁུལ་ཆེན་མོར་ཚོད་འཛིན་བྱེད་པའི་ཁུའུ་ཨར་ཏི་བའི་གྲོས་བསྡུར་ཡང་མུ་མཐུད་དུ་སྤེལ་བཞིན་ཡོད་ལ། ཁོ་ཚོས་ཚོགས་འདུར་མི་མངག་གཏོང་བྱེད་པར་སྐུལ་མ་གཏོང་བཞིན་ཡོད་ཟེར།
སི་རི་ཡཱའི་ཧྲ་མུའུ་བཅིངས་འགྲོལ་དྲག་ཆས་རྩ་འཛུགས་ཀྱི་མགོ་ཁྲིད་པ་ཧྲ་ལཱ་ཡིས་ཚེས29ཉིན་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། རྒྱལ་ཡོངས་ཀྱི་གྲོས་མོལ་ཚོགས་འདུར་སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣ་འཛོམས་རྒྱུ་ཡིན་པ་དང་། སྐབས་ཐོག་དེར་ཆེད་དོན་ཨུ་ཡོན་ལྷན་ཁང་རེ་འགའ་རྩ་འཛུགས་བྱེད་རྒྱུ་ཡིན་ལ། ཚོགས་ཞུགས་མཁན་གྱིས་བར་བརྒལ་དུས་རིམ་གྱི་གལ་ཆེ་ཞིང་ཛ་དྲག་ཆེ་བའི་གནད་དོན་ལ་འདེམ་ཤོག་འཕེན་རྒྱུ་ཡིན་ཟེར། ཧྲ་ལཱ་ཡིས་ད་རུང་བསྟན་དོན། རྒྱལ་ཡོངས་ཀྱི་གྲོས་མོལ་ཚོགས་འདུའི་སྟེང་སི་རི་ཡཱའི་ཧྲ་མུའུ་བཅིངས་འགྲོལ་དྲག་ཆས་རྩ་འཛུགས་གཏོར་རྒྱུ་ཁྱབ་སྒྲོག་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།