ཀྲུང་གོ་དང་ཧི་ལན་གྱི་དཔལ་འབྱོར་ཉོ་ཚོང་མི་སྣས་གཏན་འཇགས་འཕེལ་རྒྱས་ཀྱི་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་གལ་འགངས་ཆེ་བའི་ཚུལ་བསྟན།
2024.12.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཧི་ལན་གྱི་ཀྲུང་གོའི་དངུལ་གཏོང་ཁེ་ལས་མཐུན་ཚོགས་ཀྱིས་ཉེ་སྔོན་ཧེ་ཡཱ་ནས་ཆེད་དོན་བྱ་འགུལ་སྤེལ་ཏེ། ཀྲུང་གོ་དང་ཧི་ལན་བར་སྒོ་འབྱེད་དངོས་གཉེར་གྱི་ཕྱོགས་ཡོངས་མཉམ་ལས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་ངོ་བཅུ་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུས། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་ལས་རིགས་ནས་ཡོང་བའི་མི་སྣ200ལྷག་གིས་མཉམ་དུ་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཐད་ཀྱི་གྲུབ་འབྲས་ལ་ཕྱིར་དྲན་བྱས་པ་དང་། གཅིག་གྱུར་སྒོས་བལྟས་ན། གཏན་འཇགས་འཕེལ་རྒྱས་ཀྱི་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་དེ་གལ་འགངས་ཧ་ཅང་ཆེ་བ་དང་། མ་འོངས་པའི་མཉམ་ལས་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་པར་འདོད།

ཧི་ལན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཐན་ཅན་གྱིས་བྱ་འགུལ་སྟེང་གཏམ་བཤད་གལ་ཆེན་སྤེལ་ཏེ་བསྟན་དོན། 2014ལོར་ཀྲུང་གོ་དང་ཧི་ལན་རྒྱལ་ཁབ་གཉིས་ཀྱིས་སྒོ་འབྱེད་དངོས་གཉེར་གྱི་ཕྱོགས་ཡོངས་མཉམ་ལས་གྲོགས་པོའི་འབྲེལ་བ་འཛུགས་རྒྱུ་ཐག་བཅད་པ་དང་། དེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་རྨང་རྡོ་དང་ཕྱོགས་སྟོན་དུ་གྱུར་ཡོད། ལོ་ངོ་བཅུའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། དཔལ་འབྱོར་མཉམ་ལས་དཔེར་བཞག་ན། ད་ལོ་དང་བཅས་པའི་ལོ་ངོ་བཞིའི་རིང་ལ་ཀྲུང་གོ་དང་ཧི་ལན་ཕྱོགས་གཉིས་ཀྱི་ཉོ་ཚོང་འབོར་གྲངས་བསྟུད་མར་མེ་སྒོར་ཁྲག་ཁྲིག་གཅིག་ལས་བརྒལ་ཡོད་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་ཚང་མའི་ཁྲོད་ཧི་ལན་ནི་ཀྲུང་གོའི་ཆེས་ཆེ་བའི་དངུལ་གཏོང་བྱ་ཡུལ་ཡིན་ལ། ཀྲུང་གོའི་དངུལ་གཏོང་རྒྱལ་ཁབ་ཆེས་ཆེན་མོ་ཨང་གཉིས་པའང་ཡིན། དེ་ལས་གཞན་རྒྱལ་ཁབ་གཉིས་ཀྱིས་ད་རུང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་སྒྲོམ་གཞིའི་ནང་། ནམ་ཟླའི་འགྱུར་ལྡོག་དང་རྒྱུན་མཐུད་འཕེལ་རྒྱས། མིས་བཟོས་རིག་ནུས་སོགས་རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐད་ནས་མཉམ་ལས་ཟབ་མོ་བྱེད་བཞིན་ཡོད་ཟེར།

ཐན་ཅན་གྱིས་ནན་གྱིས་བསྟན་དོན། ཧི་ལན་གྱིས་ཀྲུང་གོའི་ཁེ་ལས་ལ་སྒོ་འབྱེད་དང་འདྲ་མཉམ། མཐོང་ཆུང་མེད་པའི་ཁོར་ཡུག་ཅིག་འདོན་སྤྲོད་བྱེད་པའི་རེ་བ་ཡོད་པ་དང་། ཆེས་གལ་ཆེ་བ་ནི་ང་ཚོས་མུ་མཐུད་དུ་ཕན་ཚུན་མཉམ་ལས་གྲོགས་པོར་བརྩི་དགོས་ལ། ང་རང་ཕྱོགས་གཉིས་ཀྱི་མ་འོངས་པའི་མཉམ་ལས་ལ་རེ་བས་ཁེངས་ཡོད་ཟེར།

ཧི་ལན་གྱི་ཀྲུང་གོའི་དངུལ་གཏོང་ཁེ་ལས་མཐུན་ཚོགས་ཀྱི་ཚོགས་གཙོ། ལྷོ་ཕྱོགས་མཁའ་འགྲུལ་ཨ་མུའུ་སི་ཐི་ཏན་ཚོང་གཉེར་ཁང་གི་སྤྱི་གཉེར་བ་ཧི་ལེན་ཀྲི་ཡིས་ཕྱིར་དྲན་བྱས་ཏེ་བཤད་རྒྱུར། འདས་པའི་ལོ་ངོ་བཅུའི་ནང་། ཀྲུང་གོ་དང་ཧི་ལན་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་གྲུབ་འབྲས་མངོན་གསལ་ཐོབ་པ་དང་། གཞི་རྒྱ་རྒྱུན་ཆད་མེད་པར་ཇེ་ཆེར་སོང་། རྒྱལ་ཁབ་གཉིས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དང་ལྷད་མེད་དཔལ་འབྱོར་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཀུན་གྱིས་ཡིད་སྨོན་བྱེད་བཞིན་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་ལས་རིགས་ཀྱི་མི་སྣས་རིམ་པ་སོ་སོའི་བརྗེ་རེས་འགྲོ་འོང་ཡང་རྒྱུན་ཆད་མེད་པར་རྒྱ་ཇེ་ཆེར་འགྲོ་བཞིན་ཡོད། ཁོས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་ལས་རིགས་ཀྱི་མི་སྣས་མུ་མཐུད་དུ་སྒོ་འབྱེད་དངོས་གཉེར་གྱི་མཉམ་ལས་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཤིང་། གསར་གཏོད་དང་རྒྱུན་མཐུད་འཕེལ་རྒྱས་གནད་སར་བཟུང་ནས། དཔལ་འབྱོར་ཉོ་ཚོང་ལ་བརྟེན་ནས་མི་གཞུང་བརྗེ་རེས་དང་ཕྱོགས་གཉིས་ཀྱི་ཡིད་ཆེས་ཇེ་ཟབ་ཏུ་གཏོང་དགོས་པའི་རེ་བ་བཏོན།

ཧི་ལན་གྱི་དཔལ་འབྱོར་པུའུ་ཁེ་ལས་ཅུའུ་རྒྱལ་སྤྱིའི་ལས་གཞིའི་ཀྲུའུ་རིན་ཝེ་ཡེ་ཨར་དབྱིན་གྱིས་བསྟན་དོན། ཀྲུང་གོ་ནི་ཧི་ལན་གྱི་ཡོ་རོབ་གླིང་མནའ་འབྲེལ་མ་གཏོགས་པའི་ཚོང་ལས་གྲོགས་པོ་ཆེས་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོ་ནི་ཧི་ལན་གྱི་ཆེས་ཆེ་བའི་དངུལ་གཏོང་རྒྱལ་ཁབ་ཅིག་ཀྱང་ཡིན། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་མུ་མཐུད་དུ་འཕར་སྣོན་འབྱུང་བཞིན་ཡོད་པ་དང་། ང་ཚོས་ལོ་མང་བོའི་གྲོགས་པོའི་འབྲེལ་བ་བཙུགས་ཡོད་པར་མ་ཟད། དེའི་རྨང་གཞིའི་སྟེང་འཕེལ་རྒྱས་གོང་འཕེལ་དུ་གཏོང་བཞིན་ཡོད་ཟེར།

ཧི་ལན་དང་ཀྲུང་གོའི་མཛའ་འབྲེལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་མའོ་ནེ་ཁི་ཁི་ནཱ་ཕིན་གྱིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། ཧི་ལན་ནི་ཀྲུང་གོའི་ཡོ་རོབ་གླིང་དུ་བསྐྱོད་པའི་སྒོ་ཆེན་ལྟ་བུ་ཡིན་པ་དང་། མིག་སྔའི་འཛམ་གླིང་དེ་འགྲན་རྩོད་མང་བོར་འཕྲད་ཡོད་ཀྱང་། ང་ཚོས་གོ་སྐབས་མང་བོའང་མཐོང་དགོས། ཁྱད་པར་དུ་སྔར་ལས་མང་བའི་ཀྲུང་གོའི་ཁེ་ལས་དག་ཧི་ལན་དང་འཛམ་གླིང་ཡོངས་སུ་བསྐྱོད་བཞིན་པ་མཐོང་དགོས་ཟེར།

ཧི་ལན་དང་ཀྲུང་གོའི་ཚོང་དོན་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི། ཡོ་རོབ་གླིང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཀྲུང་གོའི་ཉོ་ཚོང་མཐུན་ཚོགས་ཀྱི་ཚོགས་གཙོ་ཧཱ་ཁི་མཱ་ཡིས་བསྟན་དོན། མིག་སྔར་ཧི་ལན་དང་ཀྲུང་གོ། ཡོ་རོབ་གླིང་དང་ཀྲུང་གོའི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་དེ་འགྲན་རྩོད་མང་བོར་འཕྲད་ཡོད་ཀྱང་། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་འགྲོ་འོང་སྔར་བཞིན་རྒྱུན་ལྡན་ཡིན་པ་དང་། སྔར་བཞིན་དུ་གོ་སྐབས་མང་བོར་འཕྲད་ཡོད། ཡོ་རོབ་གླིང་དང་ཀྲུང་གོའི་བར་ཐུན་མོང་གི་ཁེ་ཕན་མང་བོ་ཡོད་པ་དང་། ཐུན་མོང་གི་དཔལ་འབྱོར་འཕེལ་རྒྱས་དམིགས་འབེན་ཡང་མང་བོ་ཡོད། ཕྱོགས་གཉིས་ཀྱིས་མཉམ་ལས་སྔར་ལས་བཟང་བོ་བྱེད་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད་ལ། དེ་མ་འོངས་པར་མཚོན་ན། ང་ཚོའི་ཕྱི་རབས་པར་མཚོན་ན་ཧ་ཅང་གལ་ཆེན་ཡིན་ཟེར།

ཉིན་དེའི་བྱ་འགུལ་མ་སྤེལ་གོང་། ཧི་ལན་གྱི་ཀྲུང་གོའི་དངུལ་གཏོང་ཁེ་ལས་མཐུན་ཚོགས་ཀྱིས་ད་རུང་སོ་རོར་ཧི་ལན་གྱི་དཔལ་འབྱོར་པུའུ་ཡི་ཕྱི་ཚོང་དངུལ་གཏོང་ཅུའུ་དང་ཁེ་ལས་ཅུའུ་གཉིས་དང་མཉམ་འབྲེལ་སྒོས་སྲིད་གཞུང་དང་ཁེ་ལས་ཀྱི་སྒོར་ཅོག་བརྗེ་རེས་ཚོགས་འདུ་དང་། རྒྱུན་མཐུད་ཀྱི་མ་འོངས་པར་ཁ་ཕྱོགས་པའི་ཀྲུང་གོ་དང་ཧི་ལན་གྱི་ལྷད་མེད་ནུས་ཁུངས་མཉམ་ལས་ཀྱི་བགྲོ་གླེང་ཚོགས་འདུ་སྤེལ། ཕྱོགས་གཉིས་ཀྱི་འཐུས་མིས་ཀྲུང་གོའི་དངུལ་གཏོང་ཁེ་ལས་ཀྱི་ཧི་ལན་གྱི་ཚོང་གཉེར་ཁོར་ཡུག་ལེགས་བཅོས་བྱེད་པ་དང་། ལྷད་མེད་འཕེལ་རྒྱས་མཉམ་ལས་ལ་ཤུགས་སྣོན་པ་སོགས་ཀྱི་གྲོས་གཞིའི་ཐད་ནས་བརྗེ་རེས་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།