སི་རི་ཡཱའི་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས30ཉིན་བསྒྲགས་པ་ལྟར་ན། སི་རི་ཡཱའི་ཧྲ་མུའུ་བཅིངས་འགྲོལ་དྲག་ཆས་རྩ་འཛུགས་ཀྱི་མགོ་ཁྲིད་པ་ཧྲ་ལཱ་དང་སི་རི་ཡཱའི་བར་བརྒལ་སྲིད་གཞུང་གི་ཕྱི་འབྲེལ་པུའུ་ཀྲང་ཞེ་པཱ་ནེ་གཉིས་ཀྱིས་ཉིན་དེར་འཚམས་འདྲིར་ཡོང་བའི་ཝུའུ་ཁི་ལན་གྱི་ཕྱི་འབྲེལ་བློན་ཆེན་སི་པུས་ཅཱ་དང་གྲོས་མོལ་བྱས།
ཞེ་པཱ་ནེ་དང་སི་པུས་ཅཱ་གཉིས་ཀྱིས་གྲོས་མོལ་བྱས་རྗེས་མཉམ་དུ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུར་ཞུགས། ཞེ་པཱ་ནེ་ཡིས་བཤད་རྒྱུར། སི་རི་ཡཱ་དང་ཝུའུ་ཁི་ལན་གྱིས་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས། ཚན་རིག་བཅས་ཀྱི་རིམ་པ་ནས་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཛུགས་རྒྱུ་ཡིན་ཟེར། སི་པུས་ཅཱ་ཡིས་བསྟན་དོན། ཝུའུ་ཁི་ལན་གྱིས་ཁྱབ་ཁོངས་མང་བོ་ནས་སི་རི་ཡཱའི་བར་མཉམ་ལས་བྱེད་པར་བརྩོན་ལེན་བྱེད་པར་མ་ཟད། སི་རི་ཡཱའི་ཕྱོགས་ལ་འབྲུ་རིགས་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།
སི་རི་ཡཱའི་གནས་བབ་ལ་ཉེ་སྔོན་འགྱུར་ལྡོག་ཆེན་པོ་བྱུང་། ཟླ་འདིའི་ཚེས8ཉིན་སི་རི་ཡཱའི་ཧྲ་མུའུ་བཅིངས་འགྲོལ་དྲག་ཆས་རྩ་འཛུགས་ཀྱིས་ཏཱ་མཱ་ཧྲི་ཀི་བཅིངས་འགྲོལ་བྱས་ནས་ཨ་སཱ་ཏི་སྲིད་དབང་རྩ་རྫོགས་བྱས་པ་ཁྱབ་བསྒྲགས་བྱས་ཏེ། པཱ་ཞེ་ཨར་ལྟ་སྐྱོང་ཙུང་ལི་ཡིན་པའི་བར་བརྒལ་སྲིད་གཞུང་གིས་ཚེས10ཉིན་དངོས་སུ་དབང་ཆ་དང་ལེན་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།