ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་ཟླ་དགུ་བའི་ཚེས་ཉེར་དྲུག་ཉིན་གྱི་ཚགས་པར་དྲ་ཚིགས་ཀྱིས་ཟླ12པའི་ཚེས31ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁ་དང་དབྱིན་ཇིའི་མཉམ་འབྲེལ་དམག་དཔུང་གིས་ཉིན་དེར་ཡེ་མིན་གྱི་རྒྱལ་ས་སཱ་ནཱ་རུ་བར་སྣང་འཇབ་རྒོལ་རབ་དང་རིམ་པ་སྤེལ་ཟེར།
བསྒྲགས་པ་ལྟར་ན། དེའི་ནང་བར་སྣང་འཇབ་རྒོལ་ཐེངས་བཅུ་ནི་སཱ་ནཱའི་བྱང་ཕྱོགས་ཀྱི་མདེལ་རྫས་བཟོ་བའི་ཕྱོགས་བསྡུས་ཚོགས་པ་ཞིག་ལ་དམིགས་པ་ཡིན་པ་དང་། གཞན་ཡང་བར་སྣང་འཇབ་རྒོལ་ཐེངས་གཉིས་ཀྱིས་སཱ་ནཱ་གྲོང་ཁྱེར་ལྟེ་གནས་ཀྱི་ཨ་ལཱ་ཏིས་དམག་དོན་རྟེན་གཞིར་ཆམ་ཕབ་བཏང་།
ས་དེའི་སྡོད་དམངས་ཀྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། སཱ་ནཱའི་ས་ཁུལ་མང་བོ་ནས་འགས་གཏོར་གྱི་སྒྲ་ཆེན་པོ་གྲགས་པ་དང་། ཨ་ལཱ་ཏིས་དམག་དོན་རྟེན་གཞི་དང་སཱ་ནཱའི་བྱང་ཕྱོགས་ས་ཁུལ་ནས་དུག་ནག་འཕྱུར་བཞིན་ཡོད་ཟེར།
གཞན་ཡང་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་མཱ་ཞི་ལཱ་བརྙན་འཕྲིན་ཁང་གིས་ཚེས31ཉིན་བསྒྲགས་པ་ལྟར་ན། སཱ་ནཱའི་དབུས་ཕྱོགས་ཀྱི་ཧུའུ་སེ་དྲག་ཆས་པའི་ཁྲབ་ལྡན་འཁོར་ལོའི་ཁྲི་ཤོག་དང་པོའི་སྒར་སར་ཡང་བར་སྣང་འཇབ་རྒོལ་ཐེངས་མང་ཐེབས་ཡོད་ཟེར།
ཨ་མེ་རི་ཁའི་ཀྲུང་དབྱང་དམག་སྤྱི་ཁང་གིས་ཚེས31ཉིན་དྲ་ཐོག་ནས་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་དམག་དཔུང་གིས་ཟླ12པའི་ཚེས30ཉིན་དང་ཚེས31ཉིན་ཧུའུ་སེ་དྲག་ཆས་པའི་བཀོད་འདོམ་དང་ཚོད་འཛིན་སྒྲིག་ཆས། དེ་མིན་རྒྱུན་སྲོལ་མཚོན་ཆའི་ཐོན་སྐྱེད་དང་གསོག་འཇོག་སྒྲིག་ཆས་ལ་འཇབ་རྒོལ་བྱས་པ་དང་། དེའི་ནང་འཕུར་མདའ་དང་མི་མེད་གནམ་གྲུ་འདུས་ཡོད། དེ་ལས་གཞན་ཨ་མེ་རི་ཁའི་དམག་དཔུང་གིས་ཧུའུ་སེ་དྲག་ཆས་པའི་མཚོ་འགྲམ་གྱི་ལེ་ཏཱ་ས་ཚིགས་ཤིག་གཏོར་བཤིག་བཏང་བ་དང་མཚོ་དམར་བར་སྣང་གི་སྐོར་འདེད་འཕུར་མདའ་བདུན་དང་མི་མེད་གནམ་གྲུའང་གཏོར་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།