དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་ལཱ་ཀི་ཆི་ཡིས་ཟླ12པའི་ཚེས30ཉིན་བཤད་རྒྱུར། བདེ་འཇགས་མིན་པ་དང་ཟང་ཟིང་དུ་གྱུར་བའི་སི་རི་ཡཱ་དེ་དབྱི་ལིང་དང་དབུས་ཤར་ས་ཁུལ་གྱི་རྒྱལ་ཁབ་གཞན་པའི་ཁེ་ཕན་དང་མི་འཚམ་ལ། རྒྱལ་ཁབ་སོ་སོས་མུ་མཐུད་དུ་གྲོས་མོལ་བྱས་ཏེ་ཛ་དྲག་གི་གནས་བབ་ཐག་གཅོད་བྱེད་དགོས་ཟེར།
དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཟླ12པའི་ཚེས30ཉིན་བསྒྲགས་པ་ལྟར་ན། ཨ་ལཱ་ཀི་ཆི་ཡིས་ཉིན་དེར་རྒྱལ་ས་ཏི་ཧེ་ལན་ནས་འཚམས་འདྲིར་ཡོང་བའི་ཨ་མན་གྱི་ཕྱི་འབྲེལ་བློན་ཆེན་པཱ་ཏི་ཨར་དང་གྲོས་མོལ་བྱས། ཁོས་བསྟན་དོན། དབྱི་ལིང་གིས་སི་རི་ཡཱ་ཡིས་བཟོད་སྒོམ་རང་བཞིན་གྱི་སྲིད་གཞུང་ཞིག་འཛུགས་པར་རྒྱབ་སྐྱོར་བྱེད་པ་དང་། སྲིད་གཞུང་གསར་བས་སི་རི་ཡཱའི་ཆབ་སྲིད་ཀྱི་རེ་བའི་འོད་སྣང་ཚང་མ་མཚོན་དགོས་ཟེར། ཨ་ལཱ་ཀི་ཆི་ཡིས་བཤད་རྒྱུར། དབུས་ཤར་ས་ཁུལ་དང་ཁྱད་པར་དུ་སི་རི་ཡཱའི་ཛ་དྲག་གི་གནས་བབ་ལ་དམིགས་ན། དབྱི་ལིང་དང་ཨ་མན། ས་ཁུལ་དེའི་རྒྱལ་ཁབ་གཞན་པའི་བར་མུ་མཐུད་དུ་གྲོས་མོལ་བྱེད་པར་དགོས་གལ་ཧ་ཅང་ཆེ་ཟེར།
དབྱི་ལིང་གི་ཙུང་ཐུང་ཕའེ་ཙེ་ཞེ་ཆི་དབྱང་གིས་ཀྱང་ཉིན་དེར་པཱ་ཏི་ཨར་ལ་ཐུག་འཕྲད་བྱས། ཕའེ་ཙེ་ཞེ་ཆི་དབྱང་གིས་དབྱི་ལིང་དང་ཨ་མན་བར་གྱི་དུས་ཡུན་རིང་བོའི་མཛའ་མཐུན་འབྲེལ་བར་གདེང་འཇོག་ཆེན་པོ་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱིས་འབྲེལ་འདྲིས་ཟབ་མོ་བྱེད་དགོས་པའི་ཚུལ་བསྟན།
བསོད་ནམས་ཚེ་རིང་གིས་བསྒྱུར།