ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཟླ12པའི་ཚེས31ཉིན་གསལ་སྒྲོག་སྤེལ་ཏེ་བསྟན་དོན། རྩ་འཛུགས་དེས་ཚེས30ཉིན་གྱི་དགོང་མོ་ནས་ཉིན་གཉིས་པའི་ཞོགས་པའི་བར་དབྱི་སི་རལ་གྱི་ཐི་ལཱ་ཝེ་ཧྥུའུ་ཡི་པིན་ཀུའུ་ལི་ཨན་རྒྱལ་སྤྱིའི་གནམ་གྲུ་ཐང་དང་ཡེ་ལུའུ་སཱ་ལེམ་གྱི་དབྱི་སི་རལ་གྱིས་ཚོད་འཛིན་བྱེད་པའི་གློག་འདོན་ས་ཚིགས་ཤིག་ལ་འཕུར་མདའི་འཇབ་རྒོལ་བྱས་པར་མ་ཟད། མཚོ་དམར་སྟེང་ཡོད་པའི་ཨ་མེ་རི་ཁའི་ཧཱ་ལི་ཏུའུ་ལུའུ་མིན་རྟགས་ཅན་གྱི་གནམ་གྲུ་འབབ་སའི་གྲུ་གཟིངས་ལ་འཕུར་མདའ་དང་མི་མེད་གནམ་གྲུ་བཀོལ་ནས་འཇབ་རྒོལ་བྱས། ཧུའུ་སེ་དྲག་ཆས་པའི་མགྲིན་ཚབ་པ་སཱ་ལོས་ཡཱ་ཡིས་རྩ་འཛུགས་དེས་ཚོད་འཛིན་བྱེད་པའི་མཱ་ཞི་ལཱ་བརྙན་འཕྲིན་ཁང་ནས་བརྙན་རིས་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། རྩ་འཛུགས་དེས་ཐོག་དང་པོར་སྒྲའི་མྱུར་ཚད་ལས་བརྒལ་བའི་འཕུར་མདའ་བཀོལ་ནས་པིན་ཀུའུ་ལི་ཨན་རྒྱལ་སྤྱིའི་གནམ་གྲུ་ཐང་ལ་འཇབ་རྒོལ་བྱས་པ་དང་། ཐེངས་གཉིས་པར་འཕུར་མདའ་བཀོལ་ནས་ཡེ་ལུའུ་སཱ་ལེམ་ལྷོ་ངོས་ཀྱི་གློག་འདོན་ས་ཚིགས་ཤིག་ལ་འཇབ་རྒོལ་བྱས། དེ་ལས་གཞན་རྩ་འཛུགས་དེས་མི་མེད་གནམ་གྲུ་མང་བོ་དང་འཕུར་མདའ་བཀོལ་ནས་ཧཱ་ལི་ཏུའུ་ལུའུ་མིན་རྟགས་ཅན་གྱི་གྲུ་གཟིངས་ལ་འཇབ་རྒོལ་བྱས་ཟེར།
ཁོས་བཤད་རྒྱུར། ཨ་མེ་རི་ཁའི་གནམ་གྲུ་འབབ་སའི་གྲུ་གཟིངས་ལ་འཇབ་རྒོལ་བྱས་ཏེ་ཨ་མེ་རི་ཁའི་དམག་དཔུང་གིས་ཡེ་མིན་དུ་བར་སྣང་འཇབ་རྒོལ་བྱེད་པའི་འགུལ་སྐྱོད་ཕམ་ཉེས་སུ་བཏང་ཡོད་ཟེར།
མཱ་ཞི་ལཱ་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། ཟླ་བཅུ་གཉིས་པའི་ཚེས་སུམ་ཅུ་ཉིན་གྱི་ནམ་གུང་། ཨ་མེ་རི་ཁ་དང་དབྱིན་ཇིའི་མཉམ་འབྲེལ་དམག་དཔུང་གིས་ཡེ་མིན་གྱི་ཧི་ཐེ་ཏཱ་ཞིང་ཆེན་ལྷོ་ཕྱོགས་ཀྱི་ཧུའུ་སེ་དྲག་ཆས་པའི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་ཐེངས་གཉིས་བྱས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།