ཝུའུ་ཁི་ལན་གྱིས2024ལོར་ཕྱིར་གཏོང་འབོར་གྲངས་མེ་སྒོར་ཐེར་ཆེན་བཞི་དང་ཐེར་འབུམ་གཅིག་ལས་བརྒལ།
2025.01.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 39

ཝུའུ་ཁི་ལན་གྱི་ཙུང་ལི་གཞོན་པ་དང་པོ། དཔལ་འབྱོར་པུའུ་ཀྲང་སི་ཝེ་ལི་ཅན་ཁི་ཡིས་ཉེ་སྔོན་བསྟན་དོན། མཚོ་ནག་གི་མཚོ་ཐོག་སྐྱེལ་འདྲེན་རྒྱུན་ལྡན་ཅན་སོགས་རྒྱུ་རྐྱེན་བཟང་བོའི་སྐུལ་འདེད་འོག 2024ལོར་ཝུའུ་ཁི་ལན་གྱི་ཕྱིར་གཏོང་འབོར་གྲངས་མེ་སྒོར་ཐེར་ཆེན་བཞི་དང་ཐེར་འབུམ་གཅིག་ལས་བརྒལ་བ་དང་། ལོ་སྔོན་མ་ལས་ཉུང་མཐར་ཡང་བརྒྱ་ཆའི་བཅུ་གསུམ་དང་གྲངས་ཆུང་བཞི་འཕར་ཡོད་ཟེར།

སི་ཝེ་ལི་ཅན་ཁི་ཡིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས་བཤད་རྒྱུར། 2023ལོར། ཝུའུ་ཁི་ལན་གྱི་ཕྱིར་གཏོང་འབོར་གྲངས་མེ་སྒོར་ཐེར་ཆེན་གསུམ་དང་ཐེར་འབུམ་དྲུག་དུང་ཕྱུར་གཅིག་ཡིན་པ་དང་། 2024ལོའི་ཟླ12པའི་ཚེས26ཉིན་བར། ཝུའུ་ཁི་ལན་གྱིས་རིན་ཐང་མེ་སྒོར་ཐེར་ཆེན་བཞི་དང་ཐེར་འབུམ་གཅིག་བྱེ་བ་བཞིའི་དངོས་ཟོང་ཕྱིར་གཏོང་བྱས་པ་དང་། དེའི་ནང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱིར་གཏོང་འབོར་གྲངས་མེ་སྒོར་ཐེར་ཆེན་གཉིས་དང་ཐེར་འབུམ་བཞི་དུང་ཕྱུར་ལྔ་ཙམ་ཡིན་ལ། ཕྱིར་གཏོང་གི་སྤྱིའི་འབོར་གྲངས་ཀྱི་བརྒྱ་ཆའི་ང་དགུ་ཙམ་ཟིན་ཡོད་ཟེར།

སི་ཝེ་ལི་ཅན་ཁི་ཡིས་བཤད་རྒྱུར། 2024ལོར་ཝུའུ་ཁི་ལན་གྱི་ཕྱིར་གཏོང་གི་ཚད་འཕར་བར་སྐུལ་འདེད་བཏང་བའི་རྒྱུ་རྐྱེན་ནི་མཚོ་ནག་གི་མཚོ་འགྲུལ་རྒྱུན་ལྡན་ཅན་གྱི་དབང་གིས་ཡིན། ཟླ12པའི་ཚེས26ཉིན་བར། ཝུའུ་ཁི་ལན་ཕྱིར་གཏོང་ངོས་ཟོང་གི་སྤྱི་གྲངས་ཏུན་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ས་ཡ་དགུ་ཙམ་ཡིན་པ་དང་། དེའི་ནང་མཚོ་ཐོག་སྐྱེལ་འདྲེན་ལས་ཕྱིར་གཏོང་བྱས་ཚད་ཏུན་བྱེ་བ་བརྒྱད་དང་ས་ཡ་བདུན་འབུམ་གཉིས་ཡིན་ལ། 2023ལོ་ལས་བརྒྱ་ཆའི་ང་དགུ་དང་གྲངས་ཆུང་གཅིག་འཕར་ཡོད་ཟེར།

སི་ཝེ་ལི་ཅན་ཁི་ཡིས་ད་རུང་བསྟན་དོན། 2024ལོར། ཝུའུ་ཁི་ལན་གྱི་ཕྱིར་གཏོང་དངོས་ཟོང་གཙོ་བོར་ཉི་འབྲུ་དང་མ་རྨས་ལོ་ཏོག གྲོ། གཏེར་ཁའི་ལྕགས་ཕྱེ། སྲན་ཆེན་སོགས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།