ཕཱ་ནཱ་མཱའི་ཙུང་ཐུང་གིས་ཕཱ་ནཱ་མཱའི་ཡུར་ཀློང་དུས་གཏན་དུ་ཕཱ་ནཱ་མཱས་བདག་ཏུ་འཛིན་དགོས་པའི་ཚུལ་བསྟན།
2025.01.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 36

ཕཱ་ནཱ་མཱའི་ཙུང་ཐུང་མུའུ་ལེ་ནོའུ་ཡིས་ཟླ12པའི་ཚེས31ཉིན་རྒྱལ་ས་ཕཱ་ནཱ་མཱ་མཁར་ནས་བསྡུས་པའི་ཕཱ་ནཱ་མཱ་ཡིས་ཕཱ་ནཱ་མཱའི་ཡུར་ཀློང་གི་བདག་དབང་དངོས་སུ་ཕྱིར་བླངས་ནས་ལོ་ངོ25འགོར་བར་རྗེས་དྲན་བྱེད་པའི་བྱ་འགུལ་སྟེང་བསྟན་དོན། ཕཱ་ནཱ་མཱའི་ཡུར་ཀློང་དུས་གཏན་དུ་ཕཱ་ནཱ་མཱས་བདག་ཏུ་འཛིན་དགོས་ཟེར།

རྗེས་དྲན་བྱ་འགུལ་ནི་ཉིན་དེར་ཕཱ་ནཱ་མཱའི་ཡུར་ཀློང་དོ་དམ་ཅུའུ་ཡི་ཐོག་ཁང་མདུན་ནས་སྤེལ། མུའུ་ལེ་ནོའུ་ཡིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། ཕཱ་ནཱ་མཱ་ཡིས་ལོ་ངོ25སྔོན་ལ་བདེ་བླག་ངང་ཕཱ་ནཱ་མཱའི་ཡུར་ཀློང་བླངས་ནས་རྒྱ་བསྐྱེད་བྱས་ཏེ། འཛམ་གླིང་ཡོངས་ལ་མཚོན་ན་གལ་འགངས་ཧ་ཅང་ཆེ་ཞིང་དཔལ་འབྱོར་གྱི་ཕན་འབྲས་ལྡན་པའི་ལས་གཞི་ཞིག་ཏུ་འགྱུར་བར་བྱས་ཡོད། ཕཱ་ནཱ་མཱའི་མི་ལས་ང་ཚོའི་ཡུར་ཀློང་ལ་བདག་བཟུང་བྱེད་མཁན་གཞན་ཡོད་མི་སྲིད་ལ། དེ་ནམ་ཡང་ང་ཚོས་བདག་ཏུ་འཛིན་དགོས་ཟེར།

ཕཱ་ནཱ་མཱའི་ཡུར་ཀློང་ལས་དོན་གྱི་པུའུ་ཀྲང་དབྱེ་ཁཱ་སཱ་ཡིས་བྱ་འགུལ་སྤེལ་སྐབས་བསྟན་དོན། ཕཱ་ནཱ་མཱའི་ཡུར་ཀློང་ནི་འཐབ་ཇུས་རང་བཞིན་གྱི་རྨང་གཞིའི་སྒྲིག་ཆས་ཤིག་ཡིན་པར་མ་ཟད། ཕཱ་ནཱ་མཱའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་ཡོང་འབབ་ཀྱི་ཁོངས་གལ་ཆེན་ཞིག་ཀྱང་ཡིན་ཟེར།

ཕཱ་ནཱ་མཱའི་མཁར་གྱི་སྡོད་དམངས་ཀང་སཱ་ལོས་སི་ཡིས་བྱ་འགུལ་ཡུལ་དངོས་ནས་བསྟན་དོན། ཉིན་དེའི་མཛད་སྒོར་རྗེས་དྲན་གྱི་དོན་སྙིང་གིས་རབ་ཏུ་ཕྱུག་པ་དང་། ཕཱ་ནཱ་མཱ་ཡིས་ཡུར་ཀློང་ཕྱིར་བླངས་པར་དོན་སྙིང་གལ་ཆེན་ལྡན་པས། ཡུར་ཀློང་དེ་དུས་གཏན་དུ་ཕཱ་ནཱ་མཱ་ལ་དབང་བ་ཡིན་ཟེར།

ཨ་མེ་རི་ཁའི་ཙུང་ཐུང་གི་འདེམ་སྒུག་པ་ཐི་ལིང་ཕུའུ་ཡིས་ཉེ་སྔོན་ཐེངས་མང་བོར་ཕཱ་ནཱ་མཱའི་ཡུར་ཀློང་ནི་ཨ་མེ་རི་ཁའི་རྒྱལ་ཁབ་རྒྱུ་ནོར་གལ་ཆེན་ཞིག་ཡིན་པར་བཤད་དེ། ཨ་མེ་རི་ཁས་ཡུར་ཀློང་དེ་ཕྱིར་ལེན་རྒྱུའི་འཇིགས་སྐུལ་བྱས། མུའུ་ལེ་ནོའུ་ཡིས་དོན་དེའི་ཐད་ནས་བསྟན་དོན། ཕཱ་ནཱ་མཱའི་ཡུར་ཀློང་གི་བདག་དབང་ཕཱ་ནཱ་མཱ་ལ་གཏོགས་པ་དང་། ཡང་བསྐྱར་གྲོས་མོལ་བྱེད་པའི་རེ་བ་གཏན་ནས་མེད་ཟེར།

ཁོ་ལོམ་པུ་ཡཱ་དང་ཀྲི་ལི། མའོ་ཞི་ཁོ། ཝེ་ནེ་ཙུའེ་ལཱ་སོགས་ལཱ་ཏེན་མེ་གླིང་གི་རྒྱལ་ཁབ་མང་བོས་བསྟན་དོན། ཕཱ་ནཱ་མཱ་ཡིས་ཡུར་ཀློང་གི་བདག་དབང་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།