ཨ་མེ་རི་ཁ་ནས་རླངས་འཁོར་གྱིས་མིར་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་ནས་ཉུང་མཐར་ཡང་མི10རྐྱེན་ལམ་དུ་ཤོར།
2025.01.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ས་དེའི་ཟླ་དང་པོའི་ཚེས་གཅིག་ཉིན་གྱི་ཞོགས་པར། ཨ་མེ་རི་ཁའི་ལུའུ་དབྱེ་སི་ཨན་ནཱ་མངའ་སྡེའི་ཞིན་ཨོ་ཨར་ལིང་གྲོང་ཁྱེར་དུ་རླངས་འཁོར་གྱིས་མིར་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི10རྐྱེན་ལམ་དུ་ཤོར།

གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། དངོས་སྐྱེལ་རླངས་འཁོར་ཞིག་གིས་ཞིན་ཨོ་ཨར་ལིང་གྲོང་ཁྱེར་གྱི་ཧྥ་རན་སིའི་ཁུལ་གྱི་པའོ་ཕང་སྲང་ལམ་ནས་མགྱོགས་མྱུར་ངང་ལོ་གསར་ལ་དགའ་སྟོན་བྱེད་པའི་མི་ཚོགས་ལ་ཐོ་བརྒྱབ་པ་རེད་ཟེར། ས་དེའི་རྒུད་སྐྱོབ་སྡེ་ཁག་གིས་བཤད་རྒྱུར། གཞན་ཡང་མི30ཙམ་ལ་དོན་རྐྱེན་དེའི་ཁྲོད་རྨས་ཕོག་ཟེར། སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཁ་ལོ་བས་མི་ཚོགས་ལ་ཐོ་བརྒྱབ་རྗེས་རླངས་འཁོར་ལས་བབས་ནས་མེ་མདས་བརྒྱབ་པ་དང་། ཉེན་རྟོག་ཕྱོགས་ཀྱིས་ཕྱིར་རྒོལ་ལན་སྤྲད་ཟེར།

ཨ་མེ་རི་ཁའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་ལུའུ་དབྱེ་སི་ཨན་ནཱ་མངའ་སྡེའི་ཞིན་ཨོ་ཨར་ལིང་གྲོང་ཁྱེར་དུ་ཟླ་དང་པོའི་ཚེས་གཅིག་ཉིན་གྱི་ཞོགས་པར་རླངས་འཁོར་བསྐོར་ནས་བསམ་བཞིན་མི་ཚོགས་ལ་ཐོ་བརྒྱབ་པའི་དོན་རྐྱེན་བཟོ་མཁན་དེ་ཨ་མེ་རི་ཁའི་སྤྱི་དམངས་ཡིན་པ་དང་། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་འབྲེལ་བ་ཡོད་ཀྱང་སྲིད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།