ཧན་གོའི་འཆར་འགོད་ནོར་སྲིད་པུའུ་ཡིས་ཟླ་དང་པོའི་ཚེས་གཅིག་ཉིན་བཤད་རྒྱུར། ཙུང་ཐུང་ཚབ་མ་ཚོས་ཞང་མུའུ་ཡིས་ཙུང་ཐུང་བཞུགས་ཤག་གི་མཐོ་རིམ་དཔོན་རིགས་ཀྱི་ལས་ཁུར་དགོངས་ཞུའི་རེ་འདོད་དང་ལེན་མ་བྱས།
ཧན་གོའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། འཆར་འགོད་ནོར་སྲིད་པུའུ་ཡིས་ཉིན་དེར་སྨྱན་བྱད་ལ་བཤད་རྒྱུར། ཚོས་ཞང་མུའུ་ཡིས་བལྟས་ན་ད་ལྟ་སེམས་ཤུགས་གཅིག་སྒྲིལ་གྱིས་དམངས་འཚོ་དང་རྒྱལ་སྲིད་གཏན་འཇགས་ཡོང་བར་བྱེད་དགོས་པར་འདོད་པས། ཙུང་ཐུང་བཞུགས་ཤག་གི་མཐོ་རིམ་དཔོན་རིགས་ཀྱི་ལས་ཁུར་དགོངས་ཞུའི་འཆར་གཞི་དང་ལེན་མ་བྱས་པ་རེད་ཟེར། གཞན་ཡང་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཙུང་ཐུང་བཞུགས་ཤག་གི་དྲུང་ཡིག་ཁང་གི་མགོ་བ་ཀྲིན་ཀྲིན་ཧྲའོ་གཅིག་པུའི་ལས་ཁུར་དགོངས་ཞུ་དང་ལེན་བྱས་ཟེར།
ཉིན་དེའི་སྔ་དྲོར། དྲུང་ཡིག་ཁང་གི་མགོ་བ་དང་སྲིད་ཇུས་ཁང་གི་མགོ་བ། རྒྱལ་ཁབ་བདེ་སྲུང་ཁང་གི་མགོ་བ་བཅས་འདས་པའི་ཙུང་ཐུང་བཞུགས་ཤག་གི་མཐོ་རིམ་དཔོན་རིགས་མང་བོས་ཙུང་ཐུང་ཚབ་མ་ཚོས་ཞང་མུའུ་ལ་ལས་ཁུར་དགོངས་ཞུ་བྱས་པ་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།