ཨུ་རུ་སིའི་རང་བྱུང་སོལ་རླངས་བཟོ་ལས་མ་རྐང་ཀུང་ཟི་ཡིས་ཟླ་དང་པོའི་ཚེས་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། མངའ་ཁོངས་བརྒལ་བའི་གྲོས་མཐུན་གྱི་ཡུན་ཚད་ལོངས་པའི་དབང་གིས་ཟླ་དང་པོའི་ཚེས་གཅིག་ཉིན་གྱི་ཞོགས་པའི་དུས་ཚོད་བརྒྱད་ནས་བཟུང་ཝུའུ་ཁི་ལན་གྱི་མངའ་ཁོངས་བརྒྱུད་དེ་ཡོ་རོབ་གླིང་དུ་རང་བྱུང་སོལ་རླངས་སྐྱེལ་འདྲེན་བྱེད་མཚམས་བཞག་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཝུའུ་ཁི་ལན་ཕྱོགས་ཀྱིས་ཐེངས་མང་བོར་ཨུ་རུ་སིའི་རང་བྱུང་སོལ་རླངས་དེ་ཝུའུ་ཁི་ལན་གྱི་མངའ་ཁོངས་བརྒྱུད་དེ་ཡོ་རོབ་གླིང་དུ་སྐྱེལ་འདྲེན་བྱེད་པའི་གྲོས་མཐུན་མུ་མཐུད་དུ་འགོད་པར་ཁས་ལེན་མ་བྱས་པའི་དབང་གིས་ཀུང་ཟི་དེས་བཅའ་ཁྲིམས་དང་ལག་རྩལ་རིམ་པ་ནས་ཝུའུ་ཁི་ལན་བརྒྱུད་དེ་ཡོ་རོབ་གླིང་དུ་རང་བྱུང་སོལ་རླངས་སྐྱེལ་འདྲེན་བྱེད་ཐབས་མེད་ཟེར།
ཉིན་དེར་ཝུའུ་ཁི་ལན་གྱི་ནུས་ཁུངས་པུའུ་ཡིས་དྲ་ཐོག་ཏུ་རྩོམ་ཡིག་ཏུ་སྤེལ་ཏེ། ས་དེའི་ཟླ་དང་པོའི་ཚེས་གཅིག་ཉིན་གྱི་ཞོགས་པའི་དུས་ཚོད་བདུན་སྟེང་། རྒྱལ་ཁབ་ཀྱི་བདེ་འཇགས་ཁེ་ཕན་ལ་བསམ་བློ་བཏང་སྟེ། ཝུའུ་ཁི་ལན་གྱིས་ཨུ་རུ་སིའི་རང་བྱུང་སོལ་རླངས་མངའ་ཁོངས་བརྒལ་བའི་སྐྱེལ་འདྲེན་ཞབས་ཞུ་མཚམས་བཞག་པ་དང་། ཝུའུ་ཁི་ལན་ཕྱོགས་ཀྱིས་དོན་དེའི་ཐད་ནས་རྒྱལ་སྤྱིའི་གྲོགས་པོར་དངོས་གཞིའི་བརྡ་ཐོ་བཏང་ཡོད་ཟེར།
ཝུའུ་ཁི་ལན་གྱི་ནུས་ཁུངས་པུའུ་ཀྲང་ཅཱ་ལུའུ་ཞན་ཁི་ཡིས་བཤད་རྒྱུར། ང་ཚོས་ཨུ་རུ་སིའི་རང་བྱུང་སོལ་རླངས་ཝུའུ་ཁི་ལན་གྱི་མངའ་ཁོངས་བརྒྱུད་དེ་འདྲེན་མཚམས་བཞག་པ་དང་། དེ་ནི་ལོ་རྒྱུས་རང་བཞིན་གྱི་དོན་རྐྱེན་ཞིག་ཡིན་ལ། ཨུ་རུ་སིའི་ཚོང་ར་ཤོར་བཞིན་ཡོད་པར་མ་ཟད་དངུལ་ལོར་གྱོང་གུད་འབྱུང་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།