པུར་ཀ་རི་ཡཱ་དང་ལོ་མཱ་ནི་ཡཱ་ཕྱོགས་ཡོངས་ནས་ཧྲིན་ཀིན་ས་ཁུལ་ནང་ཞུགས།
2025.01.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཡོ་རོབ་གླིང་ཤར་མའི་རྒྱལ་ཁབ་པུར་ཀ་རི་ཡཱ་དང་ལོ་མཱ་ནི་ཡཱ་གཉིས་ཀྱིས་ཟླ་དང་པོའི་ཚེས་གཅིག་ཉིན་ཧྲིན་ཀིན་ས་ཁུལ་གྱི་ཁྱིམ་མཚེས་རྒྱལ་ཁབ་གཞན་པའི་བར་གྱི་སྐམ་སའི་མཐའ་མཚམས་ས་ཁུལ་གྱི་དོ་དམ་བཀག་རྒྱ་དངོས་སུ་མེད་པར་བཏང་སྟེ། ཕྱོགས་ཡོངས་ནས་ཧྲིན་ཀིན་ས་ཁུལ་ནང་ཞུགས།

རྒྱལ་ཁབ་གཉིས་ཀྱི་ནང་སྲིད་པུའུ་ཀྲང་གིས2024ལོའི་ཟླ12པའི་ཚེས31ཉིན་གྱི་དགོང་མོར་རྒྱལ་ཁབ་གིས་ཀྱི་ལུའུ་སེ་དང་ཅིག་ཨར་ཅིག་གི་སྐམ་སའི་རྒྱུ་ལམ་སྦྲེལ་མཐུད་བྱེད་པའི་མཛད་སྒོ་སྤེལ་ནས། ཧྲིན་ཀིན་ས་ཁུལ་ནང་ཞུགས་པར་དགའ་སྟོན་རྟེན་འབྲེལ་ཞུས། གཞན་ཡང་སྐམ་སའི་རྒྱུ་ལམ་རེ་འགའ་ནས་ཀྱང་རིགས་དེ་མཚུངས་ཀྱི་དགའ་སྟོན་མཛད་སྒོ་སྤེལ་བ་རེད།

ཧྥ་རན་སིའི་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། པུར་ཀ་རི་ཡཱ་དང་རོ་མཱ་ནི་ཡཱ་རྒྱལ་ཁབ་གཉིས2007ལོར་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པ་དང་། 2011ལོར་ཧྲིན་ཀིན་ས་ཁུལ་ནང་ཞུགས་པའི་ལག་རྩལ་ཚད་གཞིར་བསླེབས་ཡོད་ཀྱང་། ཧྲིན་ཀིན་ས་ཁུལ་གྱི་ཁོངས་གཏོགས་རྒྱལ་ཁབ་རེ་འགས་ངོ་རྒོལ་ཐེབས་པའི་དབང་གིས2024ལོའི་ཟླ3པའི་ཟླ་མཇུག་ཏུ་ད་གཟོད་ཧྲིན་ཀིན་ས་ཁུལ་དུ་ཞུགས་པའི་སྐལ་བ་ཅུང་ཙམ་བྱུང་བ་རེད། དེའི་དོན་ནི་རྒྱལ་ཁབ་གཉིས་དང་ཧྲིན་ཀིན་ས་ཁུལ་གྱི་རྒྱལ་ཁབ་གཞན་པའི་བར་གྱི་བར་སྣང་དང་མཚོ་ཐོག་གི་མཐའ་མཚམས་དོ་དམ་བཀག་རྒྱ་མེད་པར་བཏང་ཡོད་ཀྱང་། སྐམ་སའི་མཐའ་མཚམས་ལ་བཀག་རྒྱ་བྱས་ཡོད་པ་རེད།

རྒྱལ་ཁབ་དེ་གཉིས་ཕྱོགས་ཡོངས་ནས་ཧྲིན་ཀིན་ས་ཁུལ་ནང་ཞུགས་པར་ངོ་རྒོལ་བྱེད་པའི་རྒྱལ་ཁབ་གཙོ་བོ་ཨོ་སི་ཁྲུ་རི་ཡཱ་ཡིས2024ལོའི་ཟླ12པར་ལངས་ཕྱོགས་བསྒྱུར་ནས་ཆོག་མཆན་བཀོད་པ་རེད། ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས2024ལོའི་ཟླ12པའི་ཚེས12ཉིན་ཁྱབ་བསྒྲགས་བྱས་དོན། རྒྱལ་ཁབ་དེ་གཉིས2025ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་གྱི་ནམ་གུང་ནས་བཟུང་ཕྱོགས་ཡོངས་ནས་ཧྲིན་ཀིན་ས་ཁུལ་ནང་ཞུགས་རྒྱུ་རེད་ཟེར།

ཨོ་སི་ཁྲུ་རི་ཡཱ་ཡིས་སྔོན་ཆད་ངོ་རྒོལ་བྱེད་པའི་རྒྱུ་མཚན་ནི་རྒྱལ་ཁབ་དེ་གཉིས་ཀྱིས་ཁྲིམས་འགལ་གནས་སྤོར་སྡོད་དམངས་རང་གི་མངའ་ཁོས་སུ་ཡོང་བར་བཀག་འགོག་བྱས་པ་མི་འདང་བས། ཧྲིན་ཀིན་ས་ཁུལ་ནང་ཞུགས་ཆེ་ཁྲིམས་འགལ་གནས་སྤོར་སྡོད་དམངས་མང་བོ་ཡོང་སྲིད་པར་འདོད་པ་རེད། ཨོ་སི་ཁྲུ་རི་ཡཱ་ཕྱོགས་ཀྱི་སེམས་ཁུར་དེ་མེད་པར་གཏོང་ཆེད། པུར་ཀ་རི་ཡཱ་དང་རོ་མཱ་ནི་ཡཱ་གཉིས་ཀྱིས2024ལོའི་ཟླ11པར་ཨོ་སི་ཁྲུ་རི་ཡཱའི་བར་མཐའ་མཚམས་སྲུང་སྐྱོབ་གྲོས་མཐུན་ཞིག་བཀོད་པ་དང་། མཉམ་འབྲེལ་གྱིས་མཐའ་སྲུང་མི་སྣ་མངག་ནས་པུར་ཀ་རི་ཡཱ་དང་ཐུར་ཁེའི་མཐའ་མཚམས་ས་ཁུལ་དུ་བཅའ་སྡོད་བྱེད་དུ་བཅུག ཐོག་མར་དུས་ཡུན་ཟླ་ངོ་དྲུག་གི་རིང་སྐམ་སའི་མཐའ་མཚམས་དོ་དམ་བཀག་རྒྱའི་བྱེད་ཐབས་ལག་བསྟར་བྱས་པ་རེད།

ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཧང་ག་རིའི་ནང་སྲིད་པུའུ་ཀྲང་ཧྲན་ཏའོ་ཨར་གྱིས་དེའི་སྔོན་བསྟན་དོན། པུར་ཀ་རི་ཡཱ་དང་རོ་མཱ་ནི་ཡཱ་ཧྲིན་ཀིན་ས་ཁུལ་གྱི་དངོས་གཞིའི་ཁོངས་གཏོགས་རྒྱལ་ཁབ་ཏུ་གྱུར་ན། རྒྱལ་ཁབ་གཉིས་ཀྱི་སྤྱི་དམངས་ལ་ཕན་པར་མ་ཟད་ཡོ་རོབ་གླིང་མནའ་འབྲེལ་ཧྲིལ་བོར་ཕན་ཐོགས་འབྱུང་སྲིད་ཟེར།

དཔལ་འབྱོར་དབྱེ་ཞིབ་མཁན་གྱིས་ཚོད་དཔག་བྱས་དོན། ཕྱོགས་ཡོངས་ནས་ཧྲིན་ཀིན་ས་ཁུལ་ནང་ཞུགས་ན་རྒྱལ་ཁབ་དེ་གཉིས་ཀྱི་རྒྱལ་ནང་གི་སྤྱིའི་ཐོན་རིན་གྱི་འཕར་ཚད་ཉུང་མཐར་ཡང་བརྒྱ་ཆའི་གྲངས་གནས་གཅིག་འཕར་སྲིད་ཟེར། རོ་མཱ་ནི་ཡཱའི་ཙུང་ཐུང་ཡའོ་ཧན་ནེ་སི་ཡིས་བཤད་རྒྱུར། ཧྲིན་ཀིན་ས་ཁུལ་ནང་ཞུགས་ན་སྒོ་ཁྲལ་གྱི་འགོར་ཡུན་ཇེ་ཐུང་དུ་གཏོང་བ་དང་དངོས་སྐྱེལ་གྱི་མ་རྩ་ཇེ་དམའ་རུ་གཏོང་བ། ཕྱི་དངུལ་མང་བོ་ནང་འགུག་བྱེད་ཐུབ་ཟེར།

ཧྥ་རན་སི་དང་འཇར་མན། ཧི་ལན། པུ་ལི་ཧྲི། ལུ་ཙམ་པོག་བཅས་རྒྱལ་ཁབ་ལྔ་ཡིས1985ལོར་ལུ་ཙམ་པོག་གི་ཧྲིན་ཀིན་གྲོང་རྡལ་ནས་གྲོས་མཐུན་བཀོད་དེ་ཧྲིན་ཀིན་ས་ཁུལ་གསར་འཛུགས་བྱས་ཤིང་། དམིགས་ཡུལ་ནི་ཡོ་རོབ་གླིང་གི་རྒྱལ་ཁབ་དང་ཁྱད་པར་དུ་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་བར་གྱི་མི་སྣ་དང་དངོས་ཟོང་གི་རང་དབང་འགྲོ་འོང་མངོན་འགྱུར་བྱས་ཏེ། ཡོ་རོབ་གླིང་གི་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་ཆེད་རེད། ཧྲིན་ཀིན་ས་ཁུལ་གྱི་སྤྱིའི་མི་གྲངས་མིག་སྔར་དུང་ཕྱུར་བཞི་དང་བྱེ་བ་གཉིས་ལས་བརྒལ་ཡོད་པ་དང་། ཁོངས་གཏོགས་རྒྱལ་ཁབ་ཉེར་དགུ་ཡོད། དེའི་ནང་རྒྱལ་ཁབ་ཉེར་ལྔ་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཡིན་པ་དང་། གཞན་པའི་རྒྱལ་ཁབ་བཞི་ནི་སུའེ་ཙེར་དང་ནོར་ཝེ། འཁྱག་གླིང་། ལེ་ཀྲི་ཏོན་ཧྲི་ཏིན་བཅས་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།