ཞིན་ཧྭ་གསར་འགྱུར་ཁང་གི་ཕྱི་སྡོད་གསར་འགོད་པས་བཀོད་པའི་ཕྱོགས་བསྡུས་གནས་ཚུལ་ལྟར་ན། 2025ལོའི་ལུགས་གསར་ལོ་སར་སྐབས་སུ། རྒྱལ་ཁབ་མང་བོའི་མགོ་ཁྲིད་པས་ལོ་གསར་གྱི་ཤིས་ཚིག་ཕུལ་ཏེ། མང་ཚོགས་ཀྱིས་མཐུན་སྒྲིལ་བྱས་ནས་འགྲན་རྩོད་ཐག་གཅོད་བྱེད་པ་དང་། མཉམ་དུ་ཞི་བདེ་དང་འཕེལ་རྒྱས་ཀྱི་མ་འོངས་གསར་སྐྲུན་བྱེད་དགོས་པའི་འབོད་སྐུལ་བཏང་།
མཱ་ལེ་ཞི་ཡཱའི་ཙུང་ལི་ཨན་ཝ་ཨར་གྱིས་བསྟན་དོན། 2025ལོའི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཆ་ནས། མཱ་ལེ་ཞི་ཡཱ་ཡིས་དྲང་བདེན་དང་འདྲ་མཉམ་གྱི་ཐབས་ལ་བརྟེན་ནས་ས་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདད་གཏོང་བར་འབད་འབུངས་བྱེད་རྒྱུ་ཡིན་ཟེར། ཁོས་ནན་གྱིས་བསྟན་དོན། མིག་སྔའི་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་ལས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱིས་རང་གི་གནས་བབ་དང་མདུན་སྐྱོད་ཁ་ཕྱོགས་ལ་ཡང་བསྐྱར་དཔྱད་འཇོག་བྱེད་དགོས་པའི་རེ་བ་བཏོན་ཡོད། མཱ་ལེ་ཞི་ཡཱ་ཡིས་བཟོད་སྒོམ་དང་རྒྱུན་མཐུད་གཙོ་གནད་དུ་བཟུང་སྟེ། ས་ཁུལ་གྱི་སྟོབས་ཤུགས་ལ་མཐུན་སྒྲིལ་བྱས་ནས། མཉམ་དུ་ས་ཁུལ་རང་གི་རྒྱལ་ཁབ་དག་གིས་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།
ཧན་གོའི་ཙུང་ཐུང་ཚབ་མ་ཚོས་ཞང་མུའུ་ཡིས་བཤད་རྒྱུར། ཧན་གོ་རྒྱལ་ཁབ་སྔར་མེད་ཀྱི་ཛ་དྲག་གི་གནས་བབ་ལ་འཕྲད་ཡོད་པ་དང་། སྲིད་གཞུང་གིས་ནུས་པ་གང་ཡོད་ཀྱིས་རྒྱལ་སྲིད་གཏན་འཇགས་ཡོང་བར་བརྩོན་རྒྱུ་ཡིན་ཟེར། ཁོས་བཤད་རྒྱུར། སྲིད་གཞུང་གིས་རྒྱལ་ཚོགས་དང་སྲིད་དབང་བཟུང་ཡོད་པ་དང་མེད་པའི་སྲིད་ཏང་སོགས་ཀྱི་བར་འབྲེལ་འདྲིས་ཟབ་མོ་བྱས་ཏེ། མིག་སྔར་དཀའ་གནད་མང་བོའི་ཐག་གཅོད་བྱེད་ཐབས་འཚོལ་ཞིབ་བྱེད་རྒྱུ་ཡིན། སྲིད་གཞུང་གིས་རྒྱལ་སྲུང་དང་ཕྱི་འབྲེལ། དཔལ་འབྱོར། སྤྱི་ཚོགས་སོགས་ཕྱོགས་སོ་སོ་ནས་གཏན་འཇགས་སྲུང་སྐྱོབ་བྱས་ཏེ་དམངས་སེམས་བདེ་རུ་འཇུག་རྒྱུ་ཡིན་ལ། སྲིད་གཞུང་གིས་ད་རུང་རྒྱལ་ཁབ་གཙོ་བོའི་བར་འབྲེལ་འདྲིས་ཇེ་ཟབ་ཏུ་བཏང་སྟེ་ཧན་གོ་རྒྱལ་ཁབ་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།
འཇར་པན་གྱི་དབུ་བཞུགས་བློན་ཆེན་ཧྲི་ཕའོ་མའོ་ཡིས་བཤད་རྒྱུར། འཇར་པན་མི་གྲངས་ཇེ་ཉུང་དུ་གཏོང་བའི་གནད་དོན་ལ་འཕྲད་ཡོད་པས་དཔལ་འབྱོར་གསོན་ཤུགས་རིམ་བཞིན་ཇེ་དམའ་རུ་འགྲོ་བཞིན་ཡོད། འཇར་པན་གྱིས་ཐོན་ཁུངས་མ་ལུས་ཏུང་ཅིང་དུ་གཅིག་བསྡུས་ཡིན་པའི་གནད་དོན་ཡོ་བསྲང་བྱས་ཤིང་། འགུག་ཤུགས་ལྡན་པའི་ས་ཁུལ་དང་གྲོང་ཁྱེར་ཆེན་མོ་གཅིག་ཏུ་སྦྲེལ་ནས། སྣ་མང་ཅན་གྱི་རྒྱལ་དམངས་བདེ་སྐྱིད་མངོན་འགྱུར་བྱེད་པའི་འཇར་པན་གསར་བསྐྲུན་བྱེད་རྒྱུ་ཡིན། དེ་ལས་གཞན་འཇར་པན་གྱིས་ཕོགས་སྣོན་དང་དངུལ་གཏོང་སྣེ་ཁྲིད་དུ་བྱས་པའི་འཕར་སྣོན་ཅན་གྱི་དཔལ་འབྱོར་ཚུལ་བསྒྱུར་བྱེད་རྒྱུ་མ་ཟད། ཡིད་སེམས་བདེ་རུ་འཇུག་པའི་སྤྱི་ཚོགས་ཀྱི་འགན་སྲུང་ལམ་ལུགས་འཛུགས་པར་བརྩོན་རྒྱུ་ཡིན་ཟེར།
ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་བསྟན་དོན། འདས་པའི་ལོ་ངོ25རིང་ལ། ཨུ་རུ་སིར་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལྡན་པའི་དོན་ཆེན་མང་བོ་བྱུང་བ་དང་། རྒྱང་རིང་གི་དམིགས་འབེན་མང་བོ་གཏན་འབེབས་དང་ཡོངས་འགྲུབ་བྱས་ཏེ། ཆེས་དཀའ་ཚེགས་ཆེ་བའི་འགྲན་རྩོད་ཐག་གཅོད་བྱས་ཡོད། གནད་དོན་མང་བོ་སྔར་བཞིན་ཐག་གཅོད་བྱེད་དགོས་ཀྱང་། ང་ཚོས་བླངས་པའི་གྲུབ་འབྲས་ཀྱི་ངོ་སོ་བསྟད་ཆོག་ཟེར། ཕུའུ་ཅིན་གྱིས་ཐད་ཀར་དུ་ཝུའུ་ཁི་ལན་གྱི་ཉམས་ཉེན་གླེང་མེད་ཀྱང་། ཨུ་རུ་སིའི་དམག་མིའི་དཔའ་སྤོབས་ལ་གཟེངས་བསྟོད་བྱས་པ་དང་ངེས་པ་དོན་གྱི་དཔའ་བོ་རེད་ཟེར། ཁོས་ད་རུང་ཁྱབ་བསྒྲགས་བྱས་དོན། ཨུ་རུ་སི་ཡིས་2025ལོ་དེ་མེས་རྒྱལ་སྲུང་སྐྱོབ་མཁན་གྱི་ལོར་གཏན་འཁེལ་བྱས་ཏེ། རྒྱལ་སྲུང་འཐབ་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ80འགོར་བར་རྗེས་དྲན་བྱེད་རྒྱུ་ཡིན་ཟེར།
ཝུའུ་ཁི་ལན་གྱི་ཐུང་ཙུང་ཙེ་ལེན་སི་ཅི་ཡིས་བཤད་རྒྱུར། ཝུའུ་ཁི་ལན་གྱིས་དྲང་བདེན་དང་ཞི་བདེ་མངོན་འགྱུར་བྱེད་པའི་ནུས་པ་ཡོད་ཅིང་། ཝུའུ་ཁི་ལན་གྱི་མི་དམངས་ཀྱིས་འདས་པའི་ལོ་གཅིག་གི་ནང་ལ་རྒྱ་ཡོད་པའི་སྒོ་ནས་དཀའ་ཁག་ཡོད་ཚད་གདོང་གིས་བསུས་པར་བཀའ་དྲིན་ཞུས། ལོ་གསར་བའི་ཉིན་རེ་རེར་ང་ཚོས་ངེས་པར་དུ་སྔར་ལས་སྟོབས་ལྡན་གྱི་ཝུའུ་ཁི་ལན་གྱི་ཆེད་དུ་འཐབ་འཁྲུག་བྱེད་དགོས། དེ་ལྟར་བྱས་ན་འཐབ་འཁྲུག་དང་གྲོས་མོལ་གང་ཡིན་ཡང་ད་གཟོད་ཝུའུ་ཁི་ལན་ལ་གཞན་གྱིས་བརྩི་འཇོག་ཐོབ་སྲིད་པས་ཡིན་ཟེར། ཙེ་ལེན་སི་ཅི་ཡིས་བསྟན་དོན། ཝུའུ་ཁི་ལན་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་བགྲོད་ལམ་ལྡོག་མེད་ཡིན་ལ། ཉིན་ཞིག་ཝུའུ་ཁི་ལན་བྱང་ཆིངས་རྩ་འཛུགས་སུའང་ཞུགས་སྲིད། ང་ཚོས་ཞི་བདེ་དེ་ལེགས་སྐྱེས་ཀྱི་ཚུལ་དུ་ང་ཚོར་སྟེར་མི་སྲིད་ཀྱང་། ང་ཚོས་ནུས་པ་གང་ཡོད་བཏོན་ནས་ཨུ་རུ་སིར་བཀག་འགོག་བྱས་ཏེ་འཐབ་འཁྲུག་དེ་མཇུག་སྒྲིལ་དུ་འཇུག་རྒྱུ་ཡིན་ཟེར།
ཨ་སེ་པེད་ཅང་གི་ཙུང་ཐུང་ཨ་ལེ་ཡེ་ཧྥུའུ་ཡིས་ནན་གྱིས་བསྟན་དོན། ང་ཚོས2024ལོའི་བྱ་བ་བདེ་བླག་ངང་ཡོངས་འགྲུབ་བྱས་པ་དང་། ང་ཚོས་ལོ་མགོར་གཏན་འབེབས་བྱས་པའི་དམིགས་འབེན་ཚང་མ་མངོན་འགྱུར་བྱུང་ཡོད་ལ། རྒྱལ་ཁབ་ཀྱིས2024ལོར་དཔལ་འབྱོར་འཕར་སྣོན་དང་སྤྱི་ཚོགས་གོང་སྤེལ་དུ་བཏང་ཡོད་ཟེར།
ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་མུས་ཨར་ཅི་ཡའོ་ཡེ་ཧྥུའུ་ཡིས་བསྟན་དོན། ཝུའུ་ཙི་པེ་ཁི་སི་ཐན་གསར་བའི་འདུ་ཤེས་རིམ་བཞིན་མངོན་འགྱུར་བྱེད་བཞིན་ཡོད་པ་དང་། ཝུའུ་ཙི་པེ་ཁི་སི་ཐན་གྱི་རྒྱལ་སྤྱིའི་གོ་གནས་རྒྱུན་ཆད་མེད་པར་མཐོར་འདེགས་བྱུང་ཡོད་ཟེར། ཁོས2025ལོ་དེ་ཁོར་ཡུག་སྲུང་སྐྱོབ་དང་ལྷད་མེད་དཔལ་འབྱོར་ལོར་ཁྱབ་བསྒྲགས་བྱས་པ་དང་། དམིགས་ཡུལ་གཙོ་བོ་ནི་དཔལ་འབྱོར་དང་ཁོར་ཡུག་བར་གྱི་རྒྱུན་མཐུད་དོ་མཉམ་མངོན་འགྱུར་བྱས་ཏེ་ཁེ་ལས་ལ་སྔར་ལས་མང་བའི་འཕེལ་རྒྱས་གོ་སྐབས་འདོན་སྤྲོད་བྱེད་ཆེད་རེད།
ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་བཤད་རྒྱུར། རྒྱལ་སྤྱིའི་གནས་བབ་ཟང་ཟིང་གཏན་འཇགས་མིན་པ་དང་། ཡོ་རོབ་གླིང་རང་སྟེང་གི་བདེ་འཇགས་དང་འགོག་སྲུང་ལ་རྒྱལ་ཁབ་གཞན་པས་ཚབ་བྱེད་མི་རུང་། བདེ་འཇགས་མེད་ན་དར་རྒྱས་མེད་པས། ཧྥ་རན་སི་ཡིས་ཕྱི་འབྲེལ་དང་དམག་དོན་སྟོབས་ཤུགས་ལ་བརྟེན་ནས་འབད་བརྩོན་བྱེད་རྒྱུ་ཡིན་ཟེར། མཱ་ཁི་ལུང་གིས་ཚན་རིག་དང་བསམ་བློ། ལག་རྩལ། བཟོ་ལས། ཞིང་ལས། ནུས་ཁུངས། སྐྱེ་ཁམས་སོགས་ཁྱབ་ཁོངས་ནས་ཡོ་རོབ་གླིང་སད་རྟོགས་འབྱུང་དགོས་པའི་འབོད་སྐུལ་བཏང་།
དབྱི་ཐཱ་ལེའི་ཙུང་ཐུང་མཱ་ཐཱ་ལོས་ལཱ་ཡིས་ལོ་གསར་བའི་ནང་འཛམ་གླིང་ཧྲིལ་བོར་ངེས་པ་དོན་གྱི་ཞི་བདེ་འབྱུང་བའི་སྨོན་འདུན་ཞུས། ཁོས་བཤད་རྒྱུར། འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་འཁྲུག་རྩོད་དང་འགྲན་རྩོད་མང་བོ་མུན་ལོང་ལྟར་འཁྲུག་བཞིན་ཡོད་ཅིང་། མི་སེར་དཀྱུས་མ་མང་བོ་རྒྱུན་ཆད་མེད་པར་འཐབ་འཁྲུག་གི་གནས་སུ་ལྷུང་བཞིན་ཡོད་པས། ཞི་བདེ་མངོན་འགྱུར་བྱེད་པའི་དགོས་གལ་དེ་སྔ་ན་མེད་པ་ཞིག་རེད་ཟེར།
ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏཱ་ཡིས་བཤད་རྒྱུར། མིག་སྔའི་ཟང་ཟིང་གི་དུས་སྐབས་འདིར། ཞི་བདེ་དང་རང་དབང་ནི་ཐོབ་སླ་བ་ཞིག་མ་ཡིན་པར་ཉིན་རེ་བཞིན་བརྩོན་ལེན་བྱེད་དགོས། ཝུའུ་ཁི་ལན་གྱི་ཉམས་ཉེན་ངེས་པར་དུ་དྲང་བདེན་དང་ཞི་བའི་སྒོ་ནས་མཇུག་སྒྲིལ་དགོས་པ་དང་། མ་འོངས་པར་དེ་ལས་ལྷག་པའི་འཐབ་འཁྲུག་གཞན་པ་མི་འབྱུང་བར་འགན་སྲུང་བྱེད་དགོས་ཟེར།
ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་བསྟན་དོན། 2025ལོར་རྒྱལ་ཁབ་དར་རྒྱས་གོང་འཕེལ་འགྲོ་བ་དང་། ང་ཚོའི་རེ་འདུན་ཚང་མ་མངོན་འགྱུར་ཐུབ་པའི་སྨོན་འདུན་ཞུས། ང་ཚོས་མུ་མཐུད་དུ་ལག་རྡང་སྦྲེལ་ནས་འབད་བརྩོན་བྱས་ཏེ། ཞི་བདེ་དང་གཏན་འཇགས་ཀྱི་མ་འོངས་པའི་ཆེད་དུ་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།
ཀྲ་ཏིའི་ཙུང་ཐུང་ཏའེ་པུས་ཀྱིས་བསྟན་དོན། ཀྲ་ཏི་རུ་སྡོད་པའི་ཧྥ་རན་སིའི་དམག་དཔུང་སྐོར་ཐེངས་དང་པོ་ཀྲ་ཏི་ནས་ཕྱིར་འཐེན་བྱས་པ་དང་། 2025ལོའི་ཟླ་དང་པོའི་ཚེས་སོ་གཅིག་ཉིན་བར་ཡོད་ཚད་ཕྱིར་འཐེན་བྱེད་རྒྱུ་རེད། ཕྱི་འབྲེལ་ཁྱབ་ཁོངས་ནས་ང་ཚོས་མཛའ་མཐུན་རྒྱལ་ཁབ་དང་གྲོགས་པོའི་ལས་ཁུངས་བར་གྱི་འབྲེལ་བར་ཤུགས་སྣོན་བྱེད་པར་འབད་འབུངས་བྱེད་རྒྱུ་ཡིན་ཟེར།
ཀ་ཕིན་གྱི་བར་བརྒལ་ཙུང་ཐུང་ཨིན་ཀོས་མཱ་ཡིས་བར་བརྒལ་སྲིད་གཞུང་གིས་དཀྱེལ་ཡངས་ཆེ་བའི་རྒྱལ་ཡོངས་གྲོས་མོལ་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ལས་ཁུངས་ཀྱི་བཅོས་བསྒྱུར་བྱེད་པ། རྨང་གཞིའི་སྒྲིག་ཆས་ཀྱི་ལས་གཞི་མང་བོ་ལག་བསྟར་བྱེད་པ་སོགས་ཀྱི་ཐད་ནས་བླངས་པའི་གྲུབ་འབྲས་ལ་སྤྱི་བསྡོམས་བྱས། ཁོས་བཤད་རྒྱུར། ཀ་ཕིན་གྱིས་རང་དབང་དང་མངོན་གསལ་གྱི་འདེམ་བསྐོ་ལ་བརྟེན་ནས་བར་བརྒལ་དུས་སྐབས་མཇུག་སྒྲིལ་དགོས་པ་དང་། དུ་ལྟར་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཡིན་ལ། ཆ་རྐྱེན་དང་འཚམ་པའི་སྤྱི་དམངས་ཚང་མ་འདེམ་དམངས་ཀྱི་ཐོ་འགོད་ནང་ཞུགས་དགོས་པའི་རེ་བ་བཏོན།
བསོད་ནམས་ཚེ་རིང་གིས་བསྒྱུར།