དབྱི་སི་རལ་གྱི་དམག་གིས་ཧ་མ་སི་ནང་ཁུལ་གྱི་བདེ་འཇགས་དམག་དཔུང་གི་འགན་འཁུར་བ་བསད།
2025.01.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

ཚེས2ཉིན།དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་གསལ་བསྒྲགས་སྤེལ་ནས།དབྱི་སི་རལ་གྱི་དམག་དཔུང་གིས་མཁའ་རྒོལ་བྱ་འགུལ་ཁྲོད་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ(ཧ་མ་སི)ཅ་ཧྲ་ས་ཁུལ་ལྷོ་རྒྱུད་དུ་ཡོད་པའི་ནང་ཁུལ་བདེ་འཇགས་དམག་དཔུང་གི་འགན་འཁུར་བ་ཧུའུ་ས་མུའུ·ཧྲ་ཧོ་ཝན་བསད་ཟེར།

གསལ་བསྒྲགས་ལས་བཤད་རྒྱུར།ཧྲ་ཧོ་ཝན་གྱིས་ཧ་མ་སིའི་ཁོངས་མི་གཞན་དག་དང་མཉམ་དུ་གསང་འཕྲིན་དཔྱད་དཔོག་བྱས་པར་མ་ཟད། ཅ་ཧྲ་ས་ཁུལ་དུ་དབྱི་སི་རལ་གྱི་དམག་དཔུང་ལ་འཇབ་རྒོལ་བྱེད་པའི་ཇུས་འགོད་ནང་ཞུགས་པ་རེད། མཁའ་དམག་གིས་གསང་འཕྲིན་གཞིར་བཟུང་ནས་ཅ་ཧྲ་ས་ཁུལ་གྱི་ལྷོ་རྒྱུད་ཧན་ཡིའུ་ཉི་སིའི་མི་ཆོས་རིང་ལུགས་ས་ཁོངས་སུ་མཁའ་དབྱིངས་འཇབ་རྒོལ་བྱས་ནས་ཧྲ་ཧོ་ཝན་བསད་པ་རེད་ཟེར།

ཚེས2ཉིན།ཕ་ལེ་སི་ཐན་ཅ་ཧྲ་ས་ཁུལ་གྱི་ནང་སྲིད་སྡེ་ཁག་གིས་སྤྱི་ཚོགས་སྨྱན་བྱད་སྟེང་གསལ་བསྒྲགས་སྤེལ་ནས།དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེའི་ཐོ་རེངས་ཁར་ཧྲ་ཧོ་ཝན་ལྐོག་གསོད་བྱས་ཡོད་ཅེས་བཤད་པ་རེད། བྱ་སྤྱོད་དེ་ནི་ཅ་ཧྲ་ས་ཁུལ་དུ་ཟང་ཟིང་བཟོས་ནས་མང་ཚོགས་ཀྱི་དཀའ་ཁག་ཇེ་སྡུག་ཏུ་བཏང་བ་ཞིག་ཡིན་པས་དབྱི་སི་རལ་གྱིས་རྒྱལ་སྤྱིའི་བཅའ་ཁྲིམས་དང་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་སྣང་མེད་དུ་འཇོག་བཞིན་པ་མཚོན་ཡོད་པ་རེད། དབྱི་སི་རལ་གྱིས་ཅ་ཧྲའི་མང་ཚོགས་ལ་རྡུང་རྡེག་གཏོང་བའི“བསམ་ངན་གྱི་སྦྱོར་བ”ནམ་ཡང་མངོན་འགྱུར་བྱེད་མི་སྲིད་ཟེར།

གཡང་འབུམ་རྒྱལ་གྱིས་བསྒྱུར།