2024ལོར་ཝུའུ་ཁི་ལན་གྱི་ཉམས་ཉེན་དང་ནུབ་ཕྱོགས་ཀྱི་བཀག་སྡོམ། གྲུབ་ཚུལ་རང་བཞིན་གྱི་ཚུལ་སྒྱུར་བཅས་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས། ཨུ་རུ་སིའི་དཔལ་འབྱོར་ལ་སྐྱེད་ཀ་མཐོ་བ་དང་དངུལ་ལོར་འགྲེམས་ཐལ་ཤོར་ཚད་མཐོ་བའི་འགྲན་སློང་དང་འཕྲད་ཀྱང་། འཕེལ་རྒྱས་ཀྱི་ཁ་ཕྱོགས་ལེགས་སྒྲིག་བྱས་རྗེས་བརྟན་པོའི་ངང་འཕར་བའི་རྣམ་པ་མངོན་ཡོད། དེ་དང་ཆབས་ཅིག་ཀྲུང་གོ་དང་ཨུ་རུ་སིའི་དངོས་གཉེར་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་སོང་བ་དང་ཚོང་དོན་གྲུབ་ཆ་མུ་མཐུད་དུ་ཇེ་ལེགས་སུ་སོང་ནས་བརྟན་ལྷིང་དང་བློ་བརྟན་འགྱུར་མེད་ཀྱི་ཁྱད་ཆོས་མངོན་ཡོད།
ཝུའུ་ཁི་ལན་གྱི་ཉམས་ཉེན་གྱིས་ལོ་གསུམ་ཙམ་ལ་ནར་འགྱངས་བྱས་པ་དང་ནུབ་ཕྱོགས་ཀྱིས་ཨུ་རུ་སིར་བཀག་སྡོམ་ནན་མོ་བྱས་ཡོད། དེ་ལྟ་བུའི་རྒྱབ་ལྗོངས་འོག་ཏུ་ཨུ་རུ་སི་ཡིས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཧུར་ཐག་གིས་ལེགས་སྒྲིག་བྱས་ནས་དཔལ་འབྱོར་བརྟན་ལྷིང་གི་རྣམ་པ་མངོན་ཡོད། 2023ལོར་ཨུ་རུ་སིའི་རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རིན་དེ3.6%འཕར་རྗེས། 2024ལོར3.9%འཕར་ཡོད་པ་རེད། ཉེ་ལམ་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིང་གིས་ཨུ་རུ་སིས་དཔལ་འབྱོར་མུ་མཐུད་དུ་འཕེལ་རྒྱས་སུ་བཏང་ནས་རྒྱལ་ཁབ་ཀྱི་བདག་དབང་སྲ་བརྟན་དུ་གཏོང་རྒྱུ་ཡིན་ཞེས་བཤད།
2024ལོའི་ཟླ12པའི་ཚེས19ཉིན། ཨུ་རུ་སིའི་རྒྱལ་ས་མོ་སི་ཁོ་རུ་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིང་གིས“ལོ་འཁོར་གྱི་རྩིས་རྒྱག”བྱེད་སྒོའི་སྟེང་གཏམ་བཤད་སྤེལ་བཞིན་པ།
2024ལོའི་ཟླ12པར། ཕུའུ་ཅིང་གིས་ཨུ་རུ་སི་གཅིག་གྱུར་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་ཉེར་གཉིས་པའི་སྟེང་། ཨུ་རུ་སུའི་ལོ་རྒྱུས་སྟེང་སྔར་བྱུང་མེད་པའི་བཀག་སྡོམ་གྱི་རྒྱབ་ལྗོངས་འོག་དཔལ་འབྱོར་འཕར་སྣོན་བྱུང་ཡོད་ཟེར། དེའི་སྔོན་ཨུ་རུ་སིའི་ཙུང་ལི་གཞོན་པ་ཡ་ལི་ཧྲན་ཏ·ནོ་ཝ་ཁི་ཡིས་ཉེ་བའི་ལོ་ཤས་རིང་། ཨུ་རུ་སིའི་དཔལ་འབྱོར་རྒྱུན་མཐུད་ངང་འཕར་བ་དང2020ལོ་ནས2024ལོའི་བར་རིམ་རྩིས་བྱས་ན12.7%ཙམ་འཕར་ཡོད་ཟེར།
དབྱེ་ཞིབ་མི་སྣས2024ལོར་ཨུ་རུ་སིའི་དཔལ་འབྱོར་འཕར་སྣོན་བྱུང་བ་དེ་གཙོ་བོ་ཕྱོགས་གསུམ་གྱི་རོགས་རམ་ལས་བྱུང་བ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། གཅིག་ནི་བཟོ་ལས་དང་བཟོ་སྐྲུན་ལས་རིགས་བརྟན་པོའི་ངང་འཕར་བ་རེད། 2024ལོའི་ཟླ10བའི་སྔོན་དུ་ཨུ་རུ་སིའི་བཟོ་ལས་འཕར་ཚད4.4%ཟིན་པ་དང་བཟོ་སྐྲུན་ལས་རིགས་འཕར་ཚད8.1%ཟིན་ཡོད། གཉིས་ནི་གཞི་ཁྱོན་ཆེ་བའི་ནོར་སྲིད་གཏོང་སྒོའི་ཕྱོགས་རེད། 2024ལོའི་ཨུ་རུ་སིའི་སྔོན་རྩིས་ནང་ཀྲུང་གོའི་འགོག་སྲུང་གཏོང་སྒོ་དང་དམངས་འཚོ་གཏོང་སྒོ་ཆེས་ཆེར་འཕར་ནས། དམག་ལས་བཟོ་སྐྲུན་ལས་རིགས་དང་འཛད་སྤྱོད་འཕར་སྣོན་ཡོང་བར་སྐུལ་ཁྲིད་བྱས་པ་རེད། གསུམ་ནི་སྣུམ་རླངས་ཡོང་འབབ་སྤྱིའི་ཆ་ནས་བརྟན་པོ་བྱུང་བ་དང་དུས་མཚུངས་སུ་སྣུམ་རླངས་མིན་པའི་ཡོང་འབབ་ཅུང་མང་དུ་སོང་ཡོད་པ་རེད།
ཨུ་རུ་སིའི་རྒྱལ་སྲུང་སྔོན་རྩིས་གཏོང་སྒོ་ཝུའུ་ཁི་ལན་གྱི་ཉམས་ཉེན་གྱི་རྐྱེན་ཀྱིས་ལོ་རེར་འཕར་བ་དེས་དམག་ལས་བཟོ་སྐྲུན་ལས་རིགས་ལ་ཕན་པ་དང་དཔལ་འབྱོར་འཕར་བར་སྐུལ་ཁྲིད་བྱེད་ཀྱི་ཡོད་མོད། ཐོན་སྐྱེད་རང་བཞིན་གྱི་མ་འཇོག་གཞན་དག་ལ་ཚད་ངེས་ཅན་ཞིག་ནས་ཚོད་འཛིན་བྱས་ཏེ་ཚན་རྩལ་གསར་གཏོད་དང་སློབ་གསོ། རྨང་གཞིའི་སྒྲིག་ཆས་དེང་རབས་ཅན་སོགས་ཁྱབ་ཁོངས་འཕེལ་མེད་དུ་ལུས་པ་དང་། ཨུ་རུ་སིའི་ཡུན་རིང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་རེད།
ལོ་ཧྲིལ་པོར་འཕར་ཚད་ཅུང་མཐོ་བ་མངོན་འགྱུར་ཐུབ་པའི་རེ་བ་ཡོད་མོད། འོན་ཀྱང་ཨུ་རུ་སིའི་དཔལ་འབྱོར་འཕར་ཚད་ཇེ་དལ་དུ་འགྲོ་བའི་རྣམ་པ་མངོན་ཡོད། 2024ལོའི་དུས་ཚིགས་སྔོན་མ་གསུམ་གྱི་ནང་དུ་ཨུ་རུ་སིའི་དཔལ་འབྱོར་བརྒྱ་ཆའི་ལྔ་དང་གྲངས་ཆུང་བཞི་དང་བརྒྱ་ཆའི་བཞི་དང་གྲངས་ཆུང་གཅིག བརྒྱ་ཆའི་གསུམ་དང་གྲངས་ཆུང་གཅིག་བཅས་སོ་སོར་འཕར་ཡོད། དབྱེ་ཞིབ་མི་སྣས་དེ་ནི་མིག་སྔའི་ཨུ་རུ་སིའི་དངུལ་ལོར་འགྲེམས་ཐལ་ཤོར་ཚད་མཐོ་བ་དང་སྐྱེད་ཚད་མཐོ་བ་དང་འབྲེལ་བ་དམ་ཟབ་ཡོད་པར་ངོས་འཛིན་བྱས་ཡོད་པ་རེད།
ཨུ་རུ་སིའི་བསྡོམས་རྩིས་ཅུའུ་ཡི་གཞི་གྲངས་ལས་མངོན་པ་ལྟར་ན། ཟླ11པར་ཨུ་རུ་སིའི་ལོ་རེའི་དངུལ་ལོར་འགྲེམས་ཐལ་ཤོར་ཚད8.88%ཟིན་པ་དེ་ཨུ་རུ་སིའི་ཀྲུང་དབྱང་དངུལ་ཁང་གིས་བཟོས་པའི་དམིགས་འབེན4%ལས་ཆེས་ཆེར་མཐོ་བ་རེད། ཨུ་རུ་སིའི་རྒྱལ་ནང་གི་དངོས་གོང་འཕར་བ་དེ་ཧ་ལམ་འཛད་སྤྱོད་དངོས་རྫས་ཀྱི་རིགས་ཚང་མ་ཚུད་ཡོད། མང་ཚོགས་ཀྱི་དོན་དངོས་ཀྱི་མྱོང་ཚོར་ལ་བལྟས་ན། གོར་སོབ་དང་འོ་མ། སྒོ་ང་སོགས་བཟའ་བཅའི་རིན་གོང་ལོ་སྟོད་དང་བསྡུར་ན་འཕར་ཚད་ཅུང་མཐོ་བ་དང་། གློག་འཕྲིན་དང་ཡུལ་སྐོར། འགྲུལ་སྐྱེལ། སྨན་བཅོས། མཛེས་བཟོ་སོགས་ཞབས་ཞུའི་ཁྱབ་ཁོངས་ཀྱི་རིན་གོང་ཡང་ཡོངས་ཁྱབ་ཏུ་འཕར་ཡོད་པ་རེད། ཁྲོམ་རའི་དབྱེ་ཞིབ་མི་སྣས་སྔོན་དཔག་བྱས་པ་ལྟར་ན། ཨུ་རུ་སིའི་རྒྱལ་ནང་གི་མཁོ་སྤྲོད་དོ་མཉམ་མིན་པ་དང་ཕྱི་ཕྱོགས་ཚོང་དོན་བསྡོམས་རྩིས་ལ་བཀག་སྡོམ་གྱི་ཤུགས་རྐྱེན་ཐེབས་པ་སོགས་རྒྱུ་རྐྱེན་འོག དངུལ་ལོར་འགྲེམས་ཐལ་ཤོར་ཚད་ཇེ་ཆུང་དུ་གཏོང་བའི་དཀའ་ངལ་ཅུང་ཆེན་པོ་ཡོད་པ་རེད།
དངུལ་ལོར་འགྲེམས་ཐལ་ཤོར་བ་དེས་ད་དུང་ལས་ཞུགས་ཁྲོམ་རར་ཤུགས་རྐྱེན་ཐེབས་ཀྱི་ཡོད། ཨུ་རུ་སིའི་ཁྲོམ་རའི་བརྟག་དཔྱད་སྒྲིག་གཞི་ལའོ་མིས་ཨར་བརྟག་དཔྱད་ལྟེ་གནས་ཀྱི་གཞི་གྲངས་ལྟར་ན། ཨུ་རུ་སིའི་རྒྱལ་ནང་གི་འཛུགས་སྐྲུན་དང་སྡོད་ཁང་། སྤྱི་པའི་ཞབས་ཞུ་སྡེ་ཁག་གི་ལས་བྱེད་མི་སྣའི་ཡོང་འབབ་དམའ་བ་དང་དུས་ཚོད་སྟབས་བསྟུན་མེད་པའི་དབང་གིས། མྱུར་སྐྱེལ་པ་དང་གླ་གཏོང་རླངས་འཁོར་གྱི་ཁ་ལོ་པ་སོགས་ཀྱི་ལས་གནས་སུ་མགྱོགས་མྱུར་གྱིས་བསྒྱུར་བཞིན་ཡོད་པ་རེད། ཁྲོམ་རའི་དབྱེ་ཞིབ་ཁྲོད་ཨུ་རུ་སིའི་ངལ་རྩོལ་ནུས་ཤུགས་ཁྲོམ་རར་དགོས་མཁོ་ཅུང་ཆེན་པོ་ཡོད་པ་དང་དུས་མཚུངས་སུ་བཟོ་པ་འབོར་ཆེན་གྱི་ལས་རིགས་བསྒྱུར་ཡོད་པ་དེ་ནི། ད་ལྟའི་དངུལ་ལོར་འགྲེམས་ཐལ་ཤོར་བའི་གནོན་ཤུགས་ཆེ་རུ་ཕྱིན་པ་དང་གླ་ཕོགས་དང་ཉོ་ཤུགས་འཕར་བ་མི་འདྲ་བ་དང་འབྲེལ་བ་ཡོད་པ་རེད།
གཞན་ཡང་སྐྱེད་ཀ་མཐོ་བ་དེས་ཨུ་རུ་སིའི་དཔལ་འབྱོར་གྱི་གསོན་ཤུགས་ཀྱང་ཚོད་འཛིན་བྱས་ཡོད། ཟླ10པའི་ཟླ་མཇུག་ཏུ། ཨུ་རུ་སིའི་ཀྲུང་དབྱང་དངུལ་ཁང་གིས་གཞི་འཛིན་སྐྱེད་ཚད21%བར་མཐོ་རུ་བཏང་བ་རེད། ཨུ་རུ་སིའི་ཀྲུང་དབྱང་དངུལ་ཁང་གི་སྐྱེད་ཀ་སྐྱེད་པའི་ཐོག་མའི་བསམ་འདུན་ནི་དངུལ་ལོར་འགྲེམས་ཐལ་ཤོར་ཚུལ་ཚོད་འཛིན་བྱ་རྒྱུ་དེ་ཡིན་མོད། འོན་ཀྱང་སྐྱེད་ཀ་མཐོ་བ་དེས་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་ནུས་པར་ཚོད་འཛིན་བྱས་པ་དང་། དེའི་ལས་སྒོ་རྒྱ་སྐྱེད་དང་གསར་གཏོད་ལ་འགོག་རྐྱེན་བཟོས་ནས་ཁྲོམ་རའི་གསོན་ཤུགས་ཉམས་ཞན་དུ་སོང་ཡོད་པ་རེད།
ཟླ11པར། ཨ་རིའི་ནོར་སྲིད་པུའུ་ཡི་ཕྱི་རྒྱལ་རྒྱུ་ནོར་ཚོད་འཛིན་གཞུང་དོན་ཁང་གིས་ཨུ་རུ་སིའི་རང་བྱུང་སོལ་རླངས་བཟོ་ལས་དངུལ་ཁང་དང་། རྒྱལ་སྤྱི་དང་འབྲེལ་བ་ཡོད་པའི་ཨུ་རུ་སུའི་དངུལ་ཁང་འབྲིང་ཆུང50ལྷག་དང་ཨུ་རུ་སིའི་དངུལ་འཛིན་སྒྲིག་གཞི40ལྷག ཨུ་རུ་སིའི་དངུལ་རྩའི་དཔོན་རིགས15བཅས་ལ་བཀག་སྡོམ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པས་ལུའུ་པུའུ་ཡི་འཛའ་ཐང་ཆེས་ཆེར་ཆག་པ་རེད།
དབྱེ་ཞིབ་ལྟར་ན། 2025ལོའི་སྔོན་རྩིས་གསར་པའི་འཁོར་ཡུན་དུ་སླེབས་རྗེས། ལུའུ་པུའུ་ཡི་དངུལ་བརྗེས་འཛའ་ཐང་ཅུང་དམའ་བའམ་ཡང་ན་ནང་འདྲེན་གཏོང་སྒོ་ཇེ་མང་དུ་བཏང་ནས། མཁོ་སྤྲོད་མི་འདང་བ་དེས་དངོས་གོང་འཕར་བ་ཚོད་འཛིན་བྱེད་པར་ཕན་པ་མེད། གཞན་ཡང་མ་འོངས་པར་རྒྱལ་སྤྱིའི་ནུས་རྒྱུའི་ཁྲོམ་རའི་འཕར་ཆག་གིས་ཀྱང་ཨུ་རུ་སིའི་ནོར་སྲིད་ཡོང་འབབ་ལ་ཤུགས་རྐྱེན་ཐེབས་སྲིད། དེ་དང་ཆབས་ཅིག་ནུབ་ཕྱོགས་ཀྱི་བཀག་སྡོམ་གྱིས་ཨུ་རུ་སིའི་ཚོང་དོན་བསྡོམས་རྩིས་ལ་འགོག་རྐྱེན་བཟོས་པ་དང་། བཀག་སྡོམ་ལས་གཡོལ་དགོས་ན་ངེས་པར་དུ་མ་གནས་དེ་ལས་མང་པོ་གཏོང་དགོས་པས་ཨུ་རུ་སིའི་དཔལ་འབྱོར་འཕེལ་རྒྱས་ལ་ཡང་བསྐྱར་འགོག་རྐྱེན་བཟོ་ངེས་རེད།
2024ལོར། གཡོ་འགུལ་དང་འཕོ་འགྱུར་བྱུང་བའི་འཛམ་གླིང་གི་ཆབ་སྲིད་གནས་བབ་དང་འགྱུར་ལྡོག་ཆེན་པོ་བྱུང་བའི་རྒྱལ་སྤྱིའི་ཚོང་དོན་ཁོར་ཡུག་གི་མདུན་དུ། ཀྲུང་གོ་དང་ཨུ་རུ་སིའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་བརྟན་ལྷིང་དང་བློ་བརྟན་འགྱུར་མེད་ཀྱི་ཁྱད་ཆོས་མངོན་ཡོད།
རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ལ་བདེ་བླག་ངང་སྐུལ་འདེད་བཏང་སྟེ་མཐོང་ཐུབ་པའི་གྲུབ་འབྲས་དེ་ལས་མང་པོ་འདུས་པ་རེད། 2024ལོའི་ཟླ་12པར། ཀྲུང་གོའི་སྦུ་གུ་རྐྱང་མའི་རླངས་འདྲེན་ཚད་ཆེ་ཤོས་ཡིན་པའི་རང་བྱུང་སོལ་རླངས་སྦུ་གུ་སྟེ། ཀྲུང་ཨུ་ཤར་རྒྱུད་ཀྱི་རང་བྱུང་སོལ་རླངས་སྦུ་གུ་ལམ་ཐིག་ཧྲིལ་པོར་སྦྲེལ་ཞིང་། ལོ་རེའི་སོལ་རླངས་སྐྱེལ་འདྲེན་ནུས་པ་སྨི་ངོས་སྙོམས་གྲུ་བཞི་མ་ཐེར་ཆེན་གསུམ་དང་ཐེར་འབུམ་བརྒྱད་བར་འཕར་ནས་ཆུ་ཚད་མཐོ་ཤོས་སུ་སླེབས་ཡོད། ཉེ་ཆར་ཀྲུང་གོའི་ཧེ་ཧི་ནས་ཨུ་རུ་སིའི་ཁ་ཉི་ཁུའུ་ཨར་ཀན་གཞུང་ལམ་འགག་སྒོའི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚུལ་དངོས་སུ་ཤར་གཏོང་ཐུབ་ཡོད་པ་རེད།
རྒྱལ་ཁབ་གཉིས་ཀྱི་ཉོ་འཚོང་གྲུབ་ཚུལ་ཡང་མུ་མཐུད་དུ་ཇེ་ལེགས་སུ་འགྲོ་བཞིན་ཡོད། རླངས་འཁོར་དང་གློག་འཁོར། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གྲུབ་འབྲས་གཟི་བརྗིད་ལྡན་པ་དང་། ཞབས་ཞུའི་ཉོ་འཚོང་དང་རྒྱལ་མཚམས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་འཕེལ་ཕྱོགས་ཧ་ཅང་ཆེན་པོ་ཡོད་པ་རེད།
2023ལོར། ཀྲུང་གོས་ལོ14རིང་ལ་བསྟུད་མར་ཨུ་རུ་སིའི་ཚོང་དོན་རོགས་ཟླའི་རྒྱལ་ཁབ་ཆེ་ཤོས་ཀྱི་གོ་གནས་རྒྱུན་འཁྱོངས་བྱས་ཡོད། 2024ལོའི་སྔོན་གྱི་ཟླ་བ11གི་ནང་དུ། ཀྲུང་ཨུ་ཕྱོགས་གཉིས་ཀྱི་ཉོ་འཚོང་དུས་མཉམ་ལས་2.1%འཕར་ཡོད། ཕུའུ་ཅིང་གིས་བསྟན་དོན། “ཀྲུང་གོ་སྔ་མོ་ནས་ཨུ་རུ་སིའི་ཚོང་དོན་རོགས་ཟླའི་རྒྱལ་ཁབ་ཆེ་ཤོས་སུ་གྱུར་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་བརྟན་པོ་དང་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་མངོན་ཡོད།” འཛམ་གླིང་གི་དུས་བབ་ཇི་ལྟར་འཕེལ་འགྱུར་བྱུང་རུང་ཨུ་རུ་སིས་ཀྲུང་གོའི་བར་གྱི་འབྲེལ་བར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང་། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་ཨུ་རུ་སིའི་ཡུན་རིང་ལ་གལ་ཆེ་བའི་དཔལ་འབྱོར་ཚོང་དོན་མཉམ་ལས་རོགས་ཟླ་ཡིན་ཞེས་ཟེར།
གཡང་འབུམ་རྒྱལ་གྱིས་བསྒྱུར།