ཅ་ཧྲའི་དམག་འཁྲུག་མཚམས་འཇོག་པའི་གྲོས་མོལ་ཏོ་ཧ་རུ་ཡང་བསྐྱར་མགོ་བརྩམས།
2025.01.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ཚེས3ཉིན། ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ(ཧ་མ་སི)ཡིས་གསལ་བསྒྲགས་སྤེལ་ནས། ཅ་ཧྲ་ས་ཁུལ་གྱི་དམག་འཁྲུག་མཚམས་འཇོག་པའི་གྲོས་མོལ་ཉིན་དེར་ཁ་ཐར་གྱི་རྒྱལ་ས་ཏོ་ཧ་རུ་བསྐྱར་དུ་མགོ་བརྩམས་པ་དང་། ཧ་མ་སིས་སྔོན་བཞིན་གྲོས་མོལ་ལ་ལྟ་སྟངས་ནན་མོ་བཟུང་བར་མ་ཟད། མྱུར་དུ་གྲོས་མཐུན་འཇོག་པར་འབད་བརྩོན་བྱེད་བཞིན་ཡོད་པར་བསྟན།

གསལ་བསྒྲགས་ལས་བཤད་རྒྱུར། ཐེངས་འདིའི་གྲོས་མོལ་གྱི་གཙོ་གནད་ནི་ཕྱོགས་ཡོངས་ནས་དམག་འཁྲུག་མཚམས་འཇོག་པར་གྲོས་མཐུན་བཞག་ནས། དབྱི་སི་རལ་གྱི་དམག་དཔུང་ཅ་ཧྲ་ས་ཁུལ་ནས་ཕྱིར་འཐེན་བྱེད་པ་དང་། དེ་མིན་ཅ་ཧྲ་ས་ཁུལ་གྱི་ཡུལ་གྱར་པ་ཕ་ཡུལ་དུ་ཕྱིར་ལོག་རྒྱུ་བཅས་རེད།

ཚེས2ཉིན། ཕ་ལེ་སི་ཐན་དབྱི་སི་ལན་འཐབ་མཆོག་རྩ་འཛུགས(ཅེ་ཧ་ཏེ)ཡི་མཐོ་རིམ་དཔོན་རིགས་མུའུ་ཧན་མའོ་ཏི·ཞིན་ཏི་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཕ་ལེ་སི་ཐན་གྱི་ཕྱོགས་ཁག་མང་པོ་ཞིག་གིས་དབྱི་སི་རལ་དང“ཐག་ཉེ་བའི”དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་བཞག་ཡོད་ཅེས་བཤད། དབྱི་སི་རལ་ཕྱོགས་ཀྱིས་ལུགས་མཐུན་མིན་པའི་བླང་བྱར་བརྟེན་ནས་གྲོས་མོལ་ལ་བཀག་འགོག་བྱེད་འདོད་ཡོད་མོད། འོན་ཀྱང་ཕ་ལེ་སི་ཐན་གྱི་འགོག་རྒོལ་སྟོབས་ཤུགས་ཀྱིས་གྲོས་མོལ་བྱས་པ་བརྒྱུད་ཅ་ཧྲ་ས་ཁུལ་གྱི་མང་ཚོགས་ཀྱི་དཀའ་སྡུག་མཇུག་བསྒྲིལ་བར་འབད་བརྩོན་བྱེད་བཞིན་ཡོད།

འདས་ཟིན་པའི་ཟླ་བ་ཁ་ཤས་ཀྱི་ནང་དུ་ཏོ་ཧ་དང་ཨེ་ཅིབ་ཀྱི་ཁེ་རོ་རུ་ཅ་ཧྲ་ས་ཁུལ་དུ་དམག་འཁྲུག་མཚམས་འཇོག་པའི་གྲོས་མོལ་ཐེངས་མང་བྱས་ཡོད་མོད། འོན་ཀྱང་གདོང་ཐུག་མཇུག་བསྒྲིལ་བར་གྲོས་མཐུན་བྱུང་མེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།