ཚེས3ཉིན། ཕ་ལེ་སི་ཐན་ཅ་ཧྲ་ས་ཁུལ་དམངས་སྲུང་སྡེ་ཁག་གི་མགྲིན་ཚབ་པ་མ་ཧ་མའོ་ཏི·པ་ས་ལེ་ཡིས་ཚེས2ཉིན་ནས་ཚེས3ཉིན་བར་དབྱི་སི་རལ་གྱི་དམག་དཔུང་གིས་ཅ་ཧྲ་ས་ཁུལ་མང་པོར་འབར་མདེལ་འཕངས་ནས་མི33ཙམ་རྐྱེན་ལམ་དུ་བཏང་ཟེར།
པ་ས་ལེ་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། དབྱི་སི་རལ་གྱི་དམག་དཔུང་གི་དམག་འཐབ་གནམ་གྲུས་ཅ་ཧྲའི་ས་ཁུལ་མང་པོར་འཇབ་རྒོལ་ཐེངས་བཅུ་ཕྲག་ཁ་ཤས་བྱས་ཏེ། ཅ་ཧྲ་ས་ཁུལ་དབུས་རྒྱུད་ཀྱི་མའེ་ཅ་ཆི་ཡུལ་གྱར་པའི་སྒར་སར་ཡོད་པའི་ཁང་པ་ཞིག་དང་། དབུས་རྒྱུད་ཀྱི་ནུའུ་སའེ་ལའེ་ཐེ་ཡུལ་གྱར་པའི་སྒར་སར་ཡོད་པའི་ཁང་པ་མང་པོ། དེ་མིན་དབུས་རྒྱུད་གྲོང་ཁྱེར་ཏེར་པའེ་ལ་ཧེ་དང་དེའི་ཉེ་འགྲམ་གྱི་གྲོང་ཁྱེར་དང་གྲོང་རྡལ་། ལྷོ་རྒྱུད་ལ་ཧྥ་གྲོང་ཁྱེར། བྱང་རྒྱུད་ཅ་ཧྲ་གྲོང་ཁྱེར་བཅས་སུ་ཁྱོན་སྡོམ་མི33རྐྱེན་ལམ་དུ་བཏང་ཟེར།
ཚེས3ཉིན། དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། འདས་ཟིན་པའི་ཉིན་གཅིག་གི་ནང་དབྱི་སི་རལ་གྱི་མཁའ་དམག་གིས་གསང་འཕྲིན་གཞིར་བཟུང་ནས་ཅ་ཧྲ་ས་ཁུལ་དུ་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ(ཧ་མ་སིའི)དྲག་ཆས་མི་སྣ་འདུ་འཛོམས་བྱ་ཡུལ40ཙམ་དང་། ཧ་མ་སིའི་བཀོད་འདོམས་དང་ཚོད་འཛིན་ལྟེ་གནས་མང་པོར་འཇབ་རྒོལ་བྱས་པ་རེད། དྲག་ཆས་མི་སྣ་བཅུ་ཕྲག་ཁ་ཤས་ཀྱིས་ས་ཁུལ་དེ་དག་ཏུ་དབྱི་སི་རལ་གྱི་དམག་དཔུང་དང་དབྱི་སི་རལ་གྱི་སྤྱི་དམངས་ལ་དམིགས་པའི་འཇབ་རྒོལ་ཇུས་འགོད་ལག་བསྟར་བྱས་པ་རེད་ཟེར།
ཚེས3ཉིན། ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། 2023ལོའི་ཟླ10པར། ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་བར་སྐོར་གསར་པའི་གདོང་ཐུག་བྱུང་བ་ནས་བཟུང་། དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ་དམག་དོན་བྱ་སྤྱོད་སྤེལ་ནས་ཕ་ལེ་སི་ཐན་པ་ཁྲི་བཞི་དང་སྟོང་དྲུག་ཙམ་རྐྱེན་ལམ་དུ་ཤོར་བ་དང་མི་འབུམ་གཅིག་དང་སྟོང་དགུ་ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།