ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཁུའུ་ཨར་སི་ཁེ་ཕྱོགས་སུ་གསར་དུ་ཕར་རྒོལ་བྱས་པར་ཨུ་རུ་སི་ཕྱོགས་ཀྱིས་རྒོལ་ལན་སྤྲད་ནས་ཕྱིར་སྤྲོད་བཏང་།
2025.01.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 35

ཚེས5ཉིན།  ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་བརྡ་ཁྱབ་ནང་བཤད་རྒྱུར། ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཉིན་དེར་ཨུ་རུ་སིའི་ཁུའུ་ཨར་སི་ཁེ་ཕྱོགས་སུ་གསར་དུ་ཕར་རྒོལ་བྱས་ཀྱང་ཨུ་རུ་སིའི་དམག་དཔུང་གིས་རྒོལ་ལན་སྤྲད་ནས་ཕྱིར་སྤྲོད་བཏང་ཟེར།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་བསྟན་དོན། ས་དེའི་ཚེས5ཉིན་གྱི་དུས་ཚོད9ཡས་མས་སུ། ཨུ་རུ་སིའི་དམག་དཔུང་གིས་ཁུའུ་ཨར་སི་ཁེ་ཕྱོགས་སུ་དཔུང་འཇུག་བྱེད་པར་བཀག་འགོག་བྱ་ཆེད། ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཁུའུ་ཨར་སི་ཁེ་ཕྱོགས་ཀྱི་པེ་ཨར་ཅིན་ཞིང་རའི་ཉེ་འགྲམ་དུ་ཕར་རྒོལ་བྱེད་རྩིས་བྱས་པ་རེད། ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཐན་ཁེ་གཉིས་དང་འབར་གཏོར་རླངས་འཁོར་གཅིག ཁྲབ་ལྡན་དམག་འཐབ་རླངས་འཁོར2བཅས་བཏང་ནས།  མཁའ་འབབ་དམག་དཔུང་གིས་གྲུབ་པའི་འཕྲལ་རྒོལ་རུ་ཁག་བཙུགས་ནས་ཕར་རྒོལ་བྱས་པ་རེད།

བརྡ་ཁྱབ་ལས་བཤད་རྒྱུར། ཁུའུ་ཨར་སི་ཁེ་ཕྱོགས་ཀྱི་ཨུ་རུ་སིའི་བྱང་ཕྱོགས་ཚོགས་པའི་དམག་དཔུང་གིས་ཝུའུ་ཁི་ལན་གྱི་དམག་དཔུང་བཅུ་བཞི་པའི་དམག་ཤུགས་ཕམ་པར་བཏང་བ་དང་།  ཝུའུ་ཁི་ལན་གྱི་དམག་དཔུང་གི་ཕར་རྒོལ་ཐེངས་གཉིས་ཕྱིར་སྤྲོད་བཏང་པ་རེད། འཐབ་འཛིང་འདི་དག་གི་ཁྲོད་དུ་ཝུའུ་ཁི་ལན་གྱི་དམག་དཔུང་ལ་དམག་མི340ཡི་གྱོང་གུན་ཐེབས་ཡོད་པ་རེད།

ཚེས5ཉིན།  ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་གིས་སྤྱི་ཚོགས་སྨྱན་བྱད་བརྒྱུད་ནས་ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཁུའུ་འར་སི་ཁེའི་ཕྱོགས་ནས་རྒྱལ་ཁ་བླངས་པ་དང་། ཛ་དྲག་ཆེ་བའི་འཐབ་འཛིང་མུ་མཐུད་དུ་བྱེད་བཞིན་ཡོད་ཟེར། ཉིན་དེའི་སྔ་དྲོར།  ཝུའུ་ཁི་ལན་གྱི་ཙུང་ཐུང་གཞུང་ལས་ཁང་གི་ཀྲུའུ་རིན་ཡེ་ཨར་མ་ཁི་ཡིས་སྤྱི་ཚོགས་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ནས། ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཁུའུ་ཨར་སི་ཁེ་ཕྱོགས་སུ་ཕར་རྒོལ་བྱས་པ་ར་སྤྲོད་བྱས་པ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།