ཕ་ལེ་སི་ཐན་གྱིས་ཅ་ཧྲའི་ས་ཁུལ་མང་པོར་འཇབ་རྒོལ་བྱས་ནས་མི66རྐྱེན་ལམ་དུ་ཤོར།
2025.01.06 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 29

ཚེས4ཉིན།  ཕ་ལེ་སི་ཐན་སྨྱན་བྱད་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཉིན་དེར་དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་གྱི་ལྷོ་རྒྱུད་ཧན་ཡིག་ཉི་སི་དང་།    དབུས་རྒྱུད་ཏེ་ཨར་པའེ་ལཱ་ཧི།    བྱང་རྒྱུད་ཅ་ཧྲ་གྲོང་ཁྱེར་སོགས་ས་ཆ་མང་པོར་འཇབ་རྒོལ་བྱས།     ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཉིན་དེར་དབྱི་སི་རལ་དམག་གིས་འཇབ་རྒོལ་བྱས་ནས་ཉུང་མཐར་ཡང་མི66རྐྱེན་ལམ་དུ་ཤོར་ཟེར།

ཚེས4ཉིན་དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་བསྒྲགས་པ་ལྟར་ན། དབྱི་སི་རལ་དམག་དཔུང་གིས་ཅ་ཧྲ་ས་ཁུལ་གྱི་བྱང་རྒྱུད་དུ་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ(ཧ་མ་སི)མཐོ་རིམ་བཀོད་འདོམས་དཔོན་གྱི་བྱ་འགུལ་ལྟེ་གནས་ལ་རྡུང་རྡེག་བཏང་བ་མ་ཟད། ཅ་ཧྲ་ས་ཁུལ་གྱི་ལྷོ་རྒྱུད་དུ་ཧ་མ་སིའི་དྲག་ཆས་མི་སྣར་རྡུང་རྡེག་བཏང་ཟེར།

ཨ་མེ་རི་ཁའི་སྨྱན་བྱད་མང་པོ་ཞིག་གིས་སྤེལ་བའི་གནས་ཚུལ་ལྟར་ན།    ཚེས3ཉིན་ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཚོགས་ཀྱི་གྲོས་ཁང་གོང་མའི་གྲོས་ཁང་གཉིས་པར་བརྡ་ཁྱབ་བཏང་བ་དང་། ཨ་མེ་རི་ཁའི་སྲིད་གཞུང་གིས་དབྱི་སི་རལ་ལ་རིན་ཐང་ཨ་སྒོར་ཐེར་འབུམ་བརྒྱད་ཀྱི་མཚོན་ཆ་བཙོང་རྩིས་ཡོད།     ཨ་མེ་རི་ཁའི་པུའུ་ལང་སློབ་ཆེན“དམག་འཁྲུག་རིན་དོད་ལས་གཞིའི”བསྡོམས་རྩིས་ལྟར་ན།    རེས་སྐོར་གསར་པའི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གདོང་ཐུག་བྱུང་བའི་ཚུན་ལ། ཨ་མེ་རི་ཁའི་སྲིད་གཞུང་གིས་དབྱི་སི་རལ་ལ་ཉུང་མཐར་ཡང་ཨ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་བདུན་དུང་ཕྱུར་དགུ་ཡི་དམག་དོན་རྒྱབ་སྐྱོར་བྱས།

ཡེ་མེན་གྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཨ་མེ་རི་ཁ་དང་དབྱིན་ཇིའི་མཉམ་འབྲེལ་དམག་གིས་ས་ཏ་གྲོང་ཁྱེར་ལ་མཁའ་རྒོལ་བྱས་ནས། དབྱི་སི་རལ་དམག་དཔུང་གིས་ཡེ་མེན་གྱིས་འཕངས་པའི་འཕུར་མདེལ་ཞིག་བཀག་འགོག་བྱས་ཡོད་ཟེར།

ཟླ1པོའི་ཚེས5ཉིན། ཡེ་མེན་མཱ་ཞིས་ལ་བརྙན་འཕྲིན་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་མེ་རི་ཁ་དང་དབྱིན་ཇིའི་མཉམ་འབྲེལ་དམག་གིས་ཡེ་མེན་བྱང་རྒྱུད་ས་ཏཱ་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ས་ཏཱ་གྲོང་ཁྱེར་ལ་མཁའ་རྒོལ་ཐེངས3བྱས།  ཚེས་ལྔ་ཉིན་ཡེ་མེན་ཧུའུ་སའེ་དྲག་ཆས་ཀྱིས་རྩ་འཛུགས་དེས་སྒྲའི་མྱུར་ཚད་མཐོ་བའི་འཕུར་མདེལ་སྤྱད་དེ་དབྱི་སི་རལ་གྱི་ཧའེ་ཧྥ་ཡི་གློག་འདོན་ས་ཚིགས་ཤིག་ལ་འགས་གཏོར་བཏང་།     དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་ཉིན་དེར་དབྱི་སི་རལ་དམག་དཔུང་གིས་བྱང་ཕྱོགས་སུ་ཡེ་མེན་ནས་འཕངས་པའི་འཕུར་མདེལ་ཞིག་ལ་ལྟ་ཞིབ་ཚད་ལེན་བྱས་ནས་ཤེས་པ་དང་། འཕུར་མདེལ་དབྱི་སི་རལ་གྱི་མཁའ་དབྱིངས་སུ་མ་ཐོན་སྔོན་ལ་བཀག་འགོག་བྱས་ཡོད་ཟེར།

ཤ་བོ་རིན་མཚོས་བསྒྱུར།