སི་རི་ཡའི་བར་བརྒལ་སྲིད་གཞུང་གི་ཕྱི་འབྲེལ་པུའུ་ཀྲང་གིས་ཨ་རིའི་བཀག་སྡོམ་མེད་པར་བཟོ་བར་ཡང་བསྐྱར་འབོད་སྐུལ་བཏང་།
2025.01.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

 ཚེས5ཉིན།   སི་རི་ཡའི《མེས་རྒྱལ་ཚགས་པར》སྟེང་བསྒྲགས་པ་ལྟར་ན། སི་རི་ཡའི་བར་བརྒལ་སྲིད་གཞུང་གི་ཕྱི་འབྲེལ་པུའུ་ཀྲང་ཨ་ས་ཏི·ཧ་སང·ཞིས་པ་ཉི་ཡིས་ཉིན་དེར་ཁ་ཐར་ལ་འཚམས་འདྲི་བྱེད་སྐབས། ཨ་རིས་སི་རི་ཡར་བཀག་སྡོམ་མེད་པར་བཟོ་བར་ཡང་བསྐྱར་འབོད་སྐུལ་བཏང་།

ཞིས་པ་ཉི་ཡིས་བསྟན་དོན། ཁོ་དང་ཁ་ཐར་གྱི་དབུ་བཞུགས་བློན་ཆེན་ཞོར་དུ་ཕྱི་འབྲེལ་བློན་ཆེན་གྱི་འགན་འཁུར་བའི་མུའུ་ཧན་མོ་ཏི་གཉིས་ཀྱིས་འཐབ་ཇུས་རང་བཞིན་གྱི་གནད་དོན་ལ་གྲོས་བསྡུར་བྱས་པ་དང་། ཁ་ཐར་གྱིས་སི་རི་ཡའི་མི་དམངས་ལ་རྒྱབ་སྐྱོར་བྱེད་པའི་ཐད་ནུས་པ་ཆེན་པོ་བཏོན་ནས།  སི་རི་ཡའི་མཉམ་ལས་གྲོགས་པོར་འགྱུར་རྒྱུ་རེད།

གཞན་ཡང་། ཁ་ཐར་གྱི་ཕྱི་འབྲེལ་པུའུ་ཡིས་གསལ་བསྒྲགས་སྤེལ་བ་ལྟར་ན། མུའུ་ཧན་མོ་ཏི་ཡིས་ཁ་ཐར་གྱིས་ཐོག་མཐའ་བར་གསུམ་དུ་སི་རི་ཡའི་གཅིག་གྱུར་དང་། བདག་དབང་། རང་བཙན་བཅས་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་བསྐྱར་སྒྲོག་བྱས་ཤིང་། ཕྱོགས་གཉིས་ཀྱིས་གྲོས་མོལ་ཁྲོད་ཕྱོགས་གཉིས་བར་གྱི་མཉམ་ལས་གནས་ཚུལ་ལ་ཕྱིར་དྲན་དང་། མཉམ་ལས་ལ་ཤུགས་སྣོན་པའི་ཐབས་ལམ་འཚོལ་ཞིབ་བྱས་ཡོད་ཟེར།

ཨ་རིས་སི་རི་ཡར་བཀག་སྡོམ་བྱས་པ་དེ་དུས་རབས་སྔོན་མའི་ལོ་རབས70པར་ཁུངས་འདེད་བྱས་ཆོག 2011ལོར་སི་རི་ཡའི་ནང་འཁྲུག་ལངས་རྗེས།  ཨ་རི་དང་ཡོ་རོབ་མནའ་འབྲེལ་སོགས་ཀྱིས་སི་རི་ཡར་བཀག་སྡོམ་སྔར་ལས་ནན་མོ་བྱས། 2019ལོར་ཨ་རིས་ཡང་བསྐྱར“ཁེ་སའི་ཁྲིམས་གཞི”ཟེར་བ་བཏོན་ནས་སི་རི་ཡའི་དཔལ་འབྱོར་ཐད་ལྷག་དུ་བཀག་སྡོམ་བྱས། བཀག་སྡོམ་དེ་དག་གིས་སི་རི་ཡའི་དཔལ་འབྱོར་དང་དམངས་འཚོར་གཏོར་བརླག་ཚབས་ཆེན་བཟོས།

སི་རི་ཡའི་ཆབ་སྲིད་གནས་བབ་ལ་འགྱུར་བ་དྲག་པོ་བྱུང་རྗེས།“སི་རི་ཡའི་ཧྲ་མུའུ་བཅིངས་འགྲོལ་དྲག་དཔུང”གི་འགོ་ཁྲིད་པ་ཨའེ་ཧ་མའེ་ཏི·ཧྲ་ལ་དང་སི་རི་ཡའི་བར་བརྒལ་སྲིད་གཞུང་གི་དཔོན་རིགས་ཀྱིས་སི་རི་ཡར་བཀག་སྡོམ་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་ཐེངས་མང་བཏང་།  

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།