སུའུ་ཏན་གྱི་རྒྱལ་སའི་ཁྲོམ་ར་ཞིག་ལ་འཇབ་རྒོལ་ཐེབས་ནས་མི་བཅུ་ཤི་བ་དང་མི་སུམ་ཅུར་རྨས་ཕོག
2025.01.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

 སུའུ་ཏན་གྱི་ས་གནས་རྩ་འཛུགས“ལྷོ་རྒྱུད་ཀྱི་འཕྲལ་སྡོམ་ལྟེ་གནས”ཀྱིས་ཚེས5ཉིན་བཤད་པ་ལྟར་ན།  རྒྱལ་ས་ཁ་ཐུའུ་མུའུ་ལྷོ་རྒྱུད་ཀྱི་ཁྲོམ་ར་ཞིག་ལ་ཉིན་དེར་བར་སྣང་གི་འཇབ་རྒོལ་ཐེབས་ནས་མི10ཚེ་ལས་འདས་པ་དང་མི30ལ་རྨས་ཕོག་ཟེར།  

“ལྷོ་ཕྱོགས་འཕྲལ་སྡོམ་ལྟེ་གནས”ནི་སུའུ་ཏན་གྱི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་མཁོ་འདོན་བྱེད་པའི་ན་གཞོན་དང་བླངས་ཚོགས་པ་ཞིག་རེད།  རྩ་འཛུགས་དེས་ཉིན་དེར་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། འཇབ་རྒོལ་ཐེབས་པའི་ཁྲོམ་ར་དེ་ཁ་ཐུའུ་མུའུ་ལྷོ་རྒྱུད་ཀྱི་མཱ་གཡོད་ས་ཁུལ་དུ་ཡོད་པ་དང་། རྨས་སྐྱོན་ཕོག་པའི་ཁྲོད་ཀྱི་མི་མང་ཆེ་བ་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱས་པ་དང་། མི5ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད།  དེ་ནི་ཁྲོམ་ར་དེར་ཟླ་གཅིག་གི་ནང་ཐེངས་གསུམ་པར་འཇབ་རྒོལ་ཐེབས་པ་རེད།

མིག་སྔར་རྩ་འཛུགས་དང་མི་སྒེར་སུ་ཞིག་གིས་ཀྱང་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་བསྒྲགས་བྱས་མེད།

གཞན་ཡང་། 《སུའུ་ཏན་གླེང་སྟེགས་ཚགས་པར》ཐོག་ཚེས5ཉིན་སྤེལ་བའི་གནས་ཚུལ་ལྟར་ན།   སུའུ་ཏན་གྱི་དྲག་ཆས་དམག་དཔུང་གིས་ས་གནས་དྲག་ཆས་དམག་དཔུང་དང་མཉམ་འབྲེལ་བྱས་ཏེ།  ཉིན་དེར་སུའུ་ཏན་གྱི་མགྱོགས་མྱུར་རོགས་སྐྱོར་དམག་དཔུང་དང་བྱང་ཕྱོགས་ཀྱི་ཏ་ཨར་ཧྥུ་ཨར་ས་ཁུལ་གྱི་ལྟེ་བའི་གྲོང་ཁྱེར་ཧྥ་ཞིས་ཨར་ཤར་རྒྱུད་དང་ཤར་ལྷོའི་རྒྱུད་དུ་ཛ་དྲག་གི་འཐབ་འཛིང་བྱས་པ་དང་།  ཕྱོགས་གཉིས་ཀྱིས་མཚོན་ཆ་ཆེན་པོ་སྤྱད་པ་རེད།

2023ལོའི་ཟླ4ཚེས15ཉིན་སུའུ་ཏན་གྱི་དྲག་ཆས་དམག་དཔུང་དང་སུའུ་ཏན་གྱི་མགྱོགས་མྱུར་རོགས་སྐྱོར་དམག་དཔུང་བར་ཁ་ཐུའུ་མུའུ་རུ་གདོང་ཐུག་དྲག་པོ་བྱུང་བ་དང་།  དེའི་རྗེས་སུ་གདོང་གཏུག་དེ་ས་ཁུལ་གཞན་དག་ཏུ་མཆེད་ཅིང་། ལོ་གཅིག་ལྷག་རིང་གི་དྲག་ཆས་གདོང་གཏུག་ཁྲོད།  སུའུ་ཏན་གྱི་མི་ཁྲི་གཉིས་ལྷག་རྐྱེན་ལམ་དུ་ཤོར་བ་དང་མི་བྱེ་བ་གཅིག་དང་ས་ཡ་གཉིས་ལྷག་ཡུལ་གྱར་བར་གྱུར་ཡོད།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།