ཚེས6ཉིན། ཝེ་ནེ་ཙུའེ་ལའི་ཕྱི་འབྲེལ་པུའུ་ཡིས་སྤྱི་བསྒྲགས་སྤེལ་ནས་བཤད་རྒྱུར། རྒྱལ་ཁབ་དེས་ཕ་ར་ཀུའེ་དང་འབྲེལ་བ་གཅོད་རྒྱུ་ཐག་བཅད་པར་མ་ཟད། མྱུར་དུ་ཕྱི་འབྲེལ་མི་སྣ་ཚུར་སྡུད་བྱས། ཕ་ར་ཀུའེ་སྲིད་གཞུང་གིས་ཉིན་དེར་ཝེ་ནེ་ཙུའེ་ལའི་གཞུང་ཚབ་ཆེན་མོ་སོགས་ཕྱི་འབྲེལ་མི་སྣ་དུས་ཚོད48ནང་ཁ་བྲལ་དགོས་པའི་བླང་བྱ་བཏོན།
ཝེ་ནེ་ཙུའེ་ལའི་ཕྱི་འབྲེལ་པུའུ་ཡིས་སྤྱི་བསྒྲགས་ནང་། ཕ་ར་ཀའེ་སྲིད་གཞུང་གིས་ཝེ་ནེ་ཙུའེ་ལའི་ངོ་རྒོལ་ཕྱོགས་ཁག་གི་སྔོན་ཆད་ཀྱི་ཙུང་ཐུང་འདེམ་སྒྲུག་པ་ཀང་ས་ལེ་སིར་རྒྱབ་སྐྱོར་བྱས་པར་རྒོལ་གཏམ་མཐའ་གཅིག་ཏུ་བཏང་སྟེ། ཕ་ར་ཀའེ་ཕྱོགས་ཀྱིས་བྱེད་ཐབས་འདི་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་བ་དང་རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པའི་རྩ་དོན་དང་འགལ་ཞིང་། ཆབ་སྲིད་དང་། བཅའ་ཁྲིམས། སྤྱི་ཚོགས་བཅས་ཀྱི་གཞི་འཛིན་ས་མེད་པའི་ངོས་འཛིན་བྱས་ཡོད། སྤྱི་བསྒྲགས་ནང་དུས་མཚུངས་སུ་ཕ་ར་ཀུའེ་ཚུད་པའི་རྒྱལ་ཁབ་མང་པོའི་སྲིད་གཞུང་གིས“སྔར་བཞིན་རང་རྒྱལ་ཁབ་ཀྱི་ཕྱི་འབྲེལ་སྲིད་ཇུས་ལ་བརྟེན་ནས་རྒྱལ་ཁབ་གཞན་པའི་ཁེ་ཕན་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱས་པར་ཕངས་སེམས་སྐྱེ་བའི་བསམ་ཚུལ་བསྟན། ཕ་ར་ཀུའེ་ཡི་ཙུང་ཐུང་ལས་ཤག་གིས་ཉིན་དེར་གསལ་བསྒྲགས་སྤེལ་ནས་ཀང་ས་ལེ་སིར་ཡང་བསྐྱར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་བསྟན་པར་མ་ཟད། ཕ་ར་ཀུའེ་རུ་སྡོད་པའི་ཝེ་ནེ་ཙུའེ་ལའི་གཞུང་ཚབ་ཆེན་མོ ཁཱ་ཕེ་ལིས་ཡ་སོགས་ཕྱི་འབྲེལ་མི་སྣ་ཚང་མ་དུས་ཚོད48ནང་ཕ་ར་ཀུའེ་ནས་ཁ་འབྲལ་དགོས་པའི་བླང་བྱ་བཏོན།
ཚེས5ཉིན། ཕ་ར་ཀུའེ་ཡི་ཙུང་ཐུང་ཕེ་ཉི་ཡ་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་བྱད་སྟེང་ཁོ་དང་ཀང་ས་ལེ་སི་ཡིས་བརྙན་ལམ་བརྒྱུད་ནས་གླེང་མོལ་བྱས་ཏེ། ཀང་ས་ལེ་སིར་རྒྱབ་སྐྱོར་བྱེད་རྒྱུ་གསལ་པོར་བསྟན་ཡོད་ཅེས་བཤད།
ཝེ་ནེ་ཙུའེ་ལ་ཡིས2024ལོའི་ཟླ7ཚེས28ཉིན་ཙུང་ཐུང་འདེམས་བསྐོ་བྱས་པ་དེའི་ནང་ཝེ་ནེ་ཙུའེ་ལའི་སྲིད་སྐྱོང་བའི་རྒྱལ་གཅེས་མནའ་འབྲེལ་ཆེན་པོའི་འདེམ་སྒྲུག་པ་དང་། ད་ལྟའི་ཙུང་ཐུང་མ་ཏུའུ་ལུའོ་དང་ཝེ་ནེ་ཙུའེ་ལའི་ངོ་རྒོལ་ཕྱོགས་ཁག་གི“དམངས་གཙོའི་མཐུན་སྒྲིལ་མནའ་འབྲེལ”གྱི་འདེམ་སྒུག་པ་ཀང་ས་ལེ་སི་ཚུད་པའི་འདེམ་སྒུག་པ10ཞུགས་ཡོད་པ་རེད། ཝེ་ནེ་ཙུའེ་ལའི་རྒྱལ་ཁབ་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་ཉིན་གཉིས་པའི་ཞོགས་པར་མ་ཏུའུ་ལུའོ་ཡང་བསྐྱར་ཙུང་ཐུང་ལ་བདམས་ཐོན་བྱུང་བ་ཁྱབ་བསྒྲགས་བྱས། ཝེ་ནེ་ཙུའེ་ལའི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཟླ་རྗེས་མའི་ཚེས22ཉིན་མ་ཏུའུ་ལུའོ་ལ་ཐེངས་འདིའི་ཙུང་ཐུང་འདེམས་བསྐོའི་ཁྲོད་རྒྱལ་ཁ་ཐོབ་པར་ཁས་ལེན་བྱས། ཝེ་ནེ་ཙུའེ་ལའི་རྩ་ཁྲིམས་ལྟར། མ་ཏུའུ་ལུའོ་ཡིས་ཟླ་འདིའི་ཚེས10ཉིན་ལས་འགན་འཁུར་རྒྱུའི་དམ་བཅའ་བཞག་ནས་དེའི་ཙུང་ཐུང་གི་འགན་འཁུར་ཡུན་ཐེངས་གསུམ་པའི་འགོ་བརྩམས།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།