ཁོ་ལོམ་པུ་ཡཱའི་གནམ་གྲུ་ཆུང་བ་ཞིག་སར་ལྷུང་ནས་མི10རྐྱེན་ལམ་དུ་ཤོར།
2025.01.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཁོ་ལོམ་པུ་ཡཱའི་ནུབ་བྱང་ཕྱོགས་ཀྱི་ཨན་ཏིས་ཨོ་ཅི་ཡཱ་ཞིང་ཆེན་གྱི་དཔོན་རིགས་ཀྱིས་ཚེས10ཉིན་བཤད་རྒྱུར། ཉིན་གཉིས་ཀྱི་སྔོན་ལ་གར་སོང་མ་རྙེད་པའི་གནམ་གྲུ་ཆུང་བ་དེ་སར་ལྷུང་བ་དང་། གནམ་གྲུའི་སྟེང་གི་ལས་བྱེད་མི་སྣ་གཉིས་དང་འགྲུལ་བ་བརྒྱད་པོ་ཚང་མ་རྐྱེན་ལམ་དུ་ཤོར་ཟེར།

ཨན་ཏིས་ཨོ་ཅི་ཡཱ་ཞིང་ཆེན་གྱི་ཉེན་ཁའི་དོ་དོམ་པུའུ་ཡི་ཀྲུའུ་རིན་ཨན་ཏི་ལེ་སི་ཡིས་ཚེས10ཉིན་གྱི་ཕྱི་དྲོར་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཡུལ་དངོས་ཀྱི་རྒུད་སྐྱོབ་མི་སྣས་གནམ་གྲུའི་ཆག་རོ་དང་འདས་པོའི་བེམ་པོ་རྙེད་ཡོད་ཟེར།

ས་དེའི་དཔོན་རིགས་ཀྱིས་བཤད་པ་ལྟར་ན། སར་ལྷུང་བའི་གནམ་གྲུ་དེ་སྒེར་གཉེར་གྱི་ཞི་བདེ་རྒྱ་མཚོའི་མཁའ་འགྲུལ་ཀུང་ཟིར་གཏོགས་པ་དང་། ཚེས8ཉིན་གྱི་ཕྱི་དྲོར་ཞི་བདེ་རྒྱ་མཚོར་ཉེ་བའི་ཆའོ་ཁི་ཞིང་ཆེན་ནས་ཨན་ཏིས་ཨོ་ཅི་ཡཱ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་མེད་ཏི་ལིན་ལ་འཕུར་བའི་ལམ་བར་ནས་འབྲེལ་ཐག་ཆད་པ་རེད། མིག་སྔར་འབྲེལ་ཡོད་སྡེ་ཁག་གིས་འདས་པོའི་བེམ་པོར་ངོས་འཛིན་བྱེད་བཞིན་ཡོད་ལ། དོན་རྐྱེན་དེའི་འབྱུང་རྐྱེན་ལའང་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།