ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཚེས10ཉིན་བཤད་རྒྱུར། རྩ་འཛུགས་དེས་མཚོ་དམར་བྱང་ངོས་ནས་ཨ་མེ་རི་ཁའི་གནམ་གྲུ་འབབ་སའི་གྲུ་གཟིངས་ཤིག་ལ་འཕུར་མདའི་འཇབ་རྒོལ་བྱས་པ་དང་། དབྱི་སི་རལ་གྱི་ཐི་ལཱ་ཝེ་ཧྥུའུ་རུ་འགད་རྫས་སྒྲིག་སྦྱོར་བྱས་པའི་མི་མེད་གནམ་གྲུ་བཏང་ཡོད་ཟེར། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཉིན་དེར་བཤད་རྒྱུར། དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་ཡེ་མིན་གྱི་ནུབ་ཕྱོགས་མཚོ་འགྲམ་དང་སྐམ་སའི་ས་ཁུལ་གྱི་ཧུའུ་སེ་དྲག་ཆས་པའི་དམག་དོན་དམིགས་འབེན་ལ་འཇབ་རྒོལ་བྱས་ཟེར།
ཧུའུ་སེ་དྲག་ཆས་པའི་མགྲིན་ཚབ་པ་སཱ་ལོས་ཡཱ་ཡིས་རྩ་འཛུགས་དེས་ཚོད་འཛིན་བྱེད་པའི་མཱ་ཞི་ལཱ་བརྙན་འཕྲིན་ཁང་ནས་བརྙན་རིས་གསལ་སྒྲོག་སྤེལ་ཏེ། འདས་པའི་དུས་ཚོད48ནང་། ང་ཚོས་དམག་དོན་འགུལ་སྐྱོད་ཐེངས་འགའ་སྤེལ་བ་དང་། དེའི་ནང་ཆེས་འབུར་དུ་ཐོན་པ་ནི་འཕུར་མདའ་དང་མི་མེད་གནམ་གྲུ་བཀོལ་ནས་མཚོ་དམར་བྱང་ངོས་ནས་ཨ་མེ་རི་ཁའི་ཏུའུ་ལུའུ་མིན་རྟགས་ཅན་གྱི་གནམ་གྲུ་འབབ་སའི་གྲུ་གཟིངས་དང་དེ་དང་མཉམ་དུ་བགྲོད་པའི་དམག་གྲུར་འཇབ་རྒོལ་བྱས་པ་དེ་ཡིན་ཟེར།
སཱ་ལོས་ཡཱ་ཡིས་ད་རུང་བསྟན་དོན། ཧུའུ་སེ་དྲག་ཆས་པས་ཚེས9ཉིན་མི་མེད་གནམ་གྲུ་གསུམ་བཀོལ་ནས་དབྱི་སི་རལ་གྱི་ཐི་ལཱ་ཝེ་ཧྥུའུ་ཡི་དམིགས་འབེན་འགར་ཆམ་ཕབ་བཏང་བ་དང་། བདེ་བླག་ངང་དམིགས་འབེན་ལ་ཕོག་ཡོད་ཟེར།
དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས10ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དོན་གསང་འཕྲིན་ཅུའུ་དང་མཚོ་དམག་གི་བཀོད་འདོམས་འོག དབྱི་སི་རལ་གྱི་མཁའ་དམག་གི་འཐབ་འཛིང་གནམ་གྲུས་ཡེ་མིན་གྱི་ནུབ་ཕྱོགས་མཚོ་འགྲམ་དང་སྐམ་སའི་ཧུའུ་སེ་དྲག་ཆས་པའི་དམག་དོན་དམིགས་འབེན་ལ་འཇབ་རྒོལ་བྱས་པ་དང་། དམིགས་འབེན་དེའི་ནང་ཞི་ཀྲ་ཙི་གློག་འདོན་ས་ཚིགས་ཀྱི་དམག་དོན་རྨང་གཞིའི་སྒྲིག་ཆས་འདུས་ཡོད་ལ། གློག་འདོན་ས་ཚིག་དེ་ནི་ཧུའུ་སེ་དྲག་ཆས་པའི་དམག་དོན་བྱ་འགུལ་གྱི་ནུས་ཁུངས་ཡོངས་ཁུངས་གཙོ་བོ་ཞིག་རེད། དབྱི་སི་རལ་གྱི་དམག་དཔུང་གིས་ད་རུང་ཧེ་ཐེ་ཏཱའི་དམག་དོན་རྨང་གཞིའི་སྒྲིག་ཆས་དང་ལཱ་སི་དབྱེ་སཱ་གྲུ་ཁར་ཡང་འཇབ་རྒོལ་བྱས། ཧུའུ་སེ་དྲག་ཆས་པས་དམངས་སྤྱོད་ཀྱི་རྨང་གཞིའི་སྒྲིག་ཆས་དེ་དག་བཀོལ་ནས་འཇིགས་སྐུལ་བྱ་འགུལ་སྤེལ་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།