ཝེ་ནེ་ཙུའེ་ལཱའི་བསྟུད་འགན་ཁུར་བའི་ཙུང་ཐུང་མཱ་ཏུའུ་ལོ་ཡིས་དམ་བཅའ་བཞག་སྟེ་ལས་འགན་ཁུར།
2025.01.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཝེ་ནེ་ཙུའེ་ལཱའི་བསྟུད་འགན་ཁུར་བའི་ཙུང་ཐུང་མཱ་ཏུའུ་ལོ་ཡིས་ཚེས10ཉིན་རྒྱལ་ཡོངས་ཀྱི་འཐུས་མིའི་ཚོགས་ཆེན་སྟེང་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་དང་། ཁོའི་ཙུང་ཐུང་གི་འགན་ཡུན་ཐེངས་གསུམ་པ་མགོ་བརྩམས།

མཱ་ཏུའུ་ལོ་ཡིས་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱི་ཀྲུའུ་ཞི་ལོ་ཏི་ལི་ཀི་སི་ཡི་བདེན་དཔང་འོག ཝེ་ནེ་ཙུའེ་ལཱའི་མི་དམངས་དང་རྩ་ཁྲིམས་ལ་དམ་བཅའ་བཞག ཁོས་བསྟན་དོན། རང་ཉིད་ཀྱིས་རྩ་ཁྲིམས་ལས་བསྩལ་བའི་འགན་འཁྲི་ཚང་མ་ལག་བསྟར་བྱས་ཏེ། ཞི་བདེ་དང་དར་རྒྱས། དམངས་གཙོ་བཅས་ཀྱི་འགན་ཡུན་གསར་བ་ཞིག་མགོ་རྩོམ་རྒྱུ་ཡིན་ཟེར།

ཝེ་ནེ་ཙུའེ་ལཱ་ཡིས2024ལོའི་ཟླ7པའི་ཚེས28ཉིན་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་བ་དང་། ཝེ་ནེ་ཙུའེ་ལཱའི་རྒྱལ་ཁབ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཕྱི་ཉིན་ཞོགས་པར་ཁྱབ་བསྒྲགས་བྱས་དོན། མཱ་ཏུའུ་ལོ་ཡང་བསྐྱར་ཙུང་ཐུང་ལ་བདམས་ཐོན་བྱུང་ཡོད་ཟེར། ཝེ་ནེ་ཙུའེ་ལཱའི་ཆེས་མཐོའི་ཁྲིམས་ཁང་གིས་ཟླ་རྗེས་མར་མཱ་ཏུའུ་ལོ་ལ་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་པ་ཁས་ལེན་བྱས། ཝེ་ནེ་ཙུའེ་ལཱའི་རྩ་ཁྲིམས་ལྟར་ན། ཙུང་ཐུང་གི་འགན་ཡུན་ནི་ལོ་ངོ6ཡིན་པ་དང་། མཱ་ཏུའུ་ལོ་ཡི་ཐེངས་འདིའི་འགན་ཡུན་ནི2025ལོ་ནས2031ལོའི་བར་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།