ཧིན་རྡུ་ཉི་ཞི་ཡཱའི་ཕྱི་འབྲེལ་བློན་ཆེན་གྱིས་གསེར་གྱོམ་རྒྱལ་ཁབ་ནང་ཞུགས་པ་ལས་ཧིན་རྡུ་ཉི་ཞི་ཡཱ་དང་ས་ཁུལ། ཐ་ན་འཛམ་གླིང་ཧྲིལ་བོར་ཤུགས་རྐྱེན་བཟང་བོ་ཐེབས་སྲིད་པའི་ཚུལ་བསྟན།
2025.01.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

ཧིན་རྡུ་ཉི་ཞི་ཡཱའི་ཕྱི་འབྲེལ་བློན་ཆེན་སུའུ་ཅི་ཡའོ་ནོའུ་ཡིས་ཚེས10ཉིན་ཧིན་རྡུ་ཉི་ཞི་ཡཱའི་རྒྱལ་ས་ཡཱ་ཅཱ་ཏཱ་ནས་ཕྱི་འབྲེལ་བློན་ཆེན་གྱི་གཏམ་བཤད་སྤེལ་སྐབས་བསྟན་དོན། ཧིན་རྡུ་ཉི་ཞི་ཡཱ་མིག་སྔར་གསེར་གྱོམ་རྒྱལ་ཁབ་ཀྱི་དངོས་གཞིའི་ཁོངས་གཏོགས་རྒྱལ་ཁབ་ཏུ་གྱུར་ཡོད་པ་དང་། གསེར་གྱོམ་མཉམ་ལས་རྐྱེན་སྲོལ་ནང་ཞུགས་པ་ལས་ཧིན་རྡུ་ཉི་ཞི་ཡཱ་དང་ས་ཁུལ། ཐ་ན་འཛམ་གླིང་ཧྲིལ་བོར་ཤུགས་རྐྱེན་བཟང་བོ་ཐེབས་སྲིད་ཟེར།

གསེར་གྱོམ་རྒྱལ་ཁབ་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཆ་ནས། པཱ་ཞིའི་ཕྱི་འབྲེལ་པུའུ་ཡིས་ཚེས6ཉིན་ཧིན་རྡུ་ཉི་ཞི་ཡཱ་གསེར་གྱོམ་རྒྱལ་ཁབ་ཀྱི་དངོས་གཞིའི་ཁོངས་གཏོགས་རྒྱལ་ཁབ་ཏུ་གྱུར་བ་ཁྱབ་བསྒྲགས་བྱས།

སུའུ་ཅི་ཡའོ་ནོའུ་ཡིས་བཤད་རྒྱུར། ཧིན་རྡུ་ཉི་ཞི་ཡཱ་གསེར་གྱོམ་རྒྱལ་ཁབ་ནང་ཞུགས་པ་ནི་ཉིན་རེ་འགའི་གྲུབ་འབྲས་མིན་ལ། ཧིན་རྡུ་ཉི་ཞི་ཡཱ་ཡིས་ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ཀྱི་ཕྱི་འབྲེལ་འབད་བརྩོན་བྱས་པའི་གྲུབ་འབྲས་ཡིན། གསེར་གྱོམ་རྒྱལ་ཁབ་ནང་ཞུགས་པ་ལས་ཧིན་རྡུ་ཉི་ཞི་ཡཱ་ཡིས་དུས་ཡུན་རིང་བོར་མནའ་འབྲེལ་མི་བྱེད་པ་དང་རང་དབང་ཡར་ལྡན་གྱི་ཕྱི་འབྲེལ་སྲིད་ཇུས་ལག་བསྟར་བྱས་པ་མངོན་པར་མཚོན་ཡོད་ཟེར།

སུའུ་ཅི་ཡའོ་ནོའུ་ཡིས་བསྟན་དོན། མིག་སྔའི་འཛམ་གླིང་དེ་ས་ཁུལ་གྱི་འཁྲུག་རྩོད་དང་ནམ་ཟླའི་འགྱུར་ལྡོག འབྲུ་རིགས་དང་ནུས་ཁུངས་ཀྱི་ཉམས་ཉེན་སོགས་འགྲན་རྩོད་གལ་ཆེན་མང་བོར་འཕྲད་ཡོད། ཁོས་འཛམ་གླིང་ཡོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་ལས་དགྲ་རུ་ལངས་མི་རུང་བའི་འབོད་སྐུལ་བཏང་བ་དང་། ཕན་ཚུན་ཡིད་ཆེས་དང་མཐུན་སྒྲིལ་རྨང་གཞིར་བྱས་པའི་མཉམ་ལས་ཅན་གྱི་མགོ་ཁྲིད་སྟོབས་ཤུགས་འཛུགས་དགོས་པའི་གྲོས་གཞི་བཏོན། ཁོས་བསྟན་དོན། གསེར་གྱོམ་རྒྱལ་ཁབ་ཡིན་པའི་ཆ་ནས། ཧིན་རྡུ་ཉི་ཞི་ཡཱ་ཡིས་ཕྱོགས་མང་བོའི་ཕྱི་འབྲེལ་ཁྲོད་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་རྒྱལ་ཁབ་དག་གི་ཁེ་ཕན་གཅིག་སྦྲེལ་བྱས་ཏེ། འཛམ་གླིང་ཡོངས་ཀྱི་ས་ཁུལ་བར་གྱི་ཆབ་སྲིད་དང་དཔལ་འབྱོར་འཁྲུག་རྩོད་ཀྱི་ཉེན་ཁ་ཇེ་དམའ་རུ་གཏོང་བར་འབད་འབུངས་བྱེད་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།