དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་ས་ཁུལ་མང་བོར་འགས་གཏོར་བཏང་སྟེ་ཉུང་མཐར་ཡང་མི22རྐྱེན་ལམ་དུ་ཤོར།
2025.01.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ཕཱ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་གྱི་དམངས་སྲུང་སྡེ་ཁག་གི་དཔོན་རིགས་དང་ས་དེའི་གནས་ཚུལ་ཤེས་མཁན་གྱིས་ཚེས10ཉིན་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་ས་ཁུལ་མང་བོར་འགས་གཏོར་བཏང་སྟེ། ཉུང་མཐར་ཡང་གསར་འགོད་པ་གཅིག་དང་བཅས་པའི་མི22རྐྱེན་ལམ་དུ་ཤོར་ཟེར།

ཕཱ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་གྱི་དམངས་སྲུང་སྡེ་ཁག་གི་མགྲིན་ཚབ་པ་པཱ་སཱ་ལེ་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་ཉིན་དེར་ཅཱ་ཧྲའི་ཤར་ངོས་ཀྱི་ཧྲ་ཅཱ་ཡེ་ས་ཁུལ་དུ་འགས་གཏོར་བཏང་སྟེ་མི8རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག  དབྱི་སི་རལ་གྱི་དམག་དཔུང་གིས་ད་རུང་ཅཱ་ཧྲའི་དབུས་ཕྱོགས་ཀྱི་པུའུ་ལའེ་ཅེ་ཡུལ་གྱར་བའི་སྒར་སར་བར་སྣང་འཇབ་རྒོལ་བྱས་ནས། མི་བདུན་རྐྱེན་ལམ་དུ་ཤོར་ཟེར།

དེ་ལས་གཞན་ས་དེའི་སྨན་ཁང་གི་འབྲེལ་ཡོད་མི་སྣས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་ལྷོ་ངོས་ཀྱི་ཧན་ཡུག་ནེ་སི་གྲོང་ཁྱེར་གྱི་གནས་མང་བོར་བར་སྣང་འཇབ་རྒོལ་དང་སྒྱོགས་མདེལ་བཀོལ་ནས་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་བཞི་རྐྱེན་ལམ་དུ་ཤོར་ཡོད་ལ། ཅཱ་ཧྲའི་དབུས་ཕྱོགས་ཀྱི་ནོའུ་སེ་ལའེ་ཐི་ཡུལ་གྱར་བའི་སྒར་སར་དབྱི་སི་རལ་གྱི་དམག་དཔུང་གི་འཇབ་རྒོལ་ཐེབས་ནས། གསར་འགོད་པ་གཅིག་དང་བཅས་པའི་མི3རྐྱེན་ལམ་དུ་ཤོར་བ་དང་མི6ལ་རྨས་ཕོག་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།