སི་རི་ཡཱའི་མེས་རྒྱལ་ཚགས་པར་གྱིས་ཚེས11ཉིན་བསྒྲགས་པ་ལྟར་ན། སི་རི་ཡཱའི་ཧྲ་མུའུ་བཅིངས་འགྲོལ་དྲག་ཆས་པའི་མགོ་ཁྲིད་པ་ཧྲ་ལཱ་དང་སི་རི་ཡཱའི་བར་བརྒལ་སྲིད་གཞུང་གི་ཕྱི་འབྲེལ་བློན་ཆེན་ཞེ་པཱ་ནེ་ཡིས་ཉིན་དེར་རྒྱལ་ས་ཏཱ་མཱ་ཧྲི་ཀི་ནས་འཚམས་འདྲིར་ཡོང་བའི་ལེ་པཱ་ནུན་གྱི་ལྟ་སྐྱོང་ཙུང་ལི་མུས་ཁ་ཐིས་དང་གྲོས་མོལ་བྱས།
མུས་ཁཱ་ཐིས་ཀྱིས་བསྟན་དོན། ཕྱོགས་གཉིས་ཀྱིས་ལེ་པཱ་ནུན་དང་སི་རི་ཡཱའི་འབྲེལ་བ་དང་། མཐའ་མཚམས་ཀྱི་དོ་དམ། སི་རི་ཡཱའི་ཡུལ་གྱར་བ། ས་ཁུལ་གྱི་མདུན་དུ་ལྷགས་པའི་ཐུན་མོང་གི་འགྲན་རྩོད་སོགས་གནད་དོན་ལ་གྲོས་བསྡུར་བྱས་ཟེར། ཁོས་བཤད་རྒྱུར། ལེ་པཱ་ནུན་གྱིས་སི་རི་ཡཱའི་མི་དམངས་ཀྱི་རེ་སྒུག་ལ་རྒྱབ་སྐྱོར་བྱེད་པ་དང་། སི་རི་ཡཱ་བཟང་ན་ལེ་པཱ་ནུན་ལའང་ཕན་ཐོགས་ཡོད་ཟེར།
ཧྲ་ལཱ་ཡིས་བཤད་རྒྱུར། སི་རི་ཡཱ་ཡིས་ལེ་པཱ་ནུན་གྱི་མི་ཚང་མའི་བར་འདྲ་མཉམ་གྱི་བར་ཐག་འཛིན་སྲིད། སི་རི་ཡཱ་དང་ལེ་པཱ་ནུན་གྱི་འབྲེལ་བ་ནི་དུས་ཡུན་རིང་བོའི་འཐབ་ཇུས་རང་བཞིན་གྱི་འབྲེལ་བ་ཡིན་ཟེར། ཐེངས་འདིར་སི་རི་ཡཱ་དང་ལེ་པཱ་ནུན་ཕྱོགས་གཉིས་ཀྱིས་གནད་དོན་མང་བོར་གྲོས་བསྡུར་བྱས་པ་དང་། ཆེས་གལ་ཆེ་བ་ནི་ཕྱོགས་གཉིས་ཀྱི་དོ་དམ་གནད་དོན་ཡིན་ཟེར། སི་རི་ཡཱའི་མིག་སྔའི་ལས་འགན་གཙོ་བོ་ནི་ནང་ཁུལ་གྱི་གནས་བབ་ཞི་འཇགས་སུ་གཏོང་བ་དང་། བདེ་འཇགས་གནས་བབ་ཚོད་འཛིན་གང་ལེགས་བྱས་ཏེ། མཚོན་ཆ་དག་སི་རི་ཡཱ་རུ་ཁྱེར་ཡོང་བར་ཚོད་འཛིན་ནན་མོ་བྱེད་རྒྱུ་དེ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།