སུའུ་ཏན་དྲག་ཆས་དམག་དཔུང་གིས་དབུས་ཕྱོགས་ཀྱི་ཅེ་ཆི་ལཱ་མངའ་སྡེའི་ལྟེ་གནས་གྲོང་ཁྱེར་ཡང་བསྐྱར་འཕྲོག་ལེན་བྱས་ཡོད་པ་ཁྱབ་བསྒྲགས་བྱས།
2025.01.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

སུའུ་ཏན་དྲག་ཆས་དམག་དཔུང་གིས་ཚེས11ཉིན་དབུས་ཕྱོགས་ཀྱི་ཅེ་ཅི་ལཱ་མངའ་སྡེའི་ལྟེ་གནས་གྲོང་ཁྱེར་ཝ་ཏི་ཝན་ཏཱ་ནེ་ཡང་བསྐྱར་འཕྲོག་ལེན་བྱས་ཡོད་ཟེར།

སུའུ་ཏན་དྲག་ཆས་དམག་དཔུང་གི་མགྲིན་ཚབ་པའི་གཞུང་སྒྲུབ་ཁང་གིས་གསལ་སྒྲོག་སྤེལ་ཏེ། སུའུ་ཏན་དྲག་ཆས་དམག་དཔུང་ཉིན་དེའི་སྔ་དྲོར་ཝ་ཏི་ཝན་ཏཱ་ནེ་གྲོང་ཁྱེར་དུ་ཡོང་བ་དང་། མིག་སྔར་མཁར་ནང་གི་སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གི་སྟོབས་ཤུགས་ལྷག་འཕྲོ་འདེད་བཅོམ་བྱེད་བཞིན་ཡོད་ལ། དམག་ཕྱོགས་ཀྱིས་སྔར་ལས་མང་བའི་ས་ཁུལ་ཕྱིར་འཕྲོག་ལེན་བྱེད་པའི་ཆོད་སེམས་ཀྱང་ཡོད་ལ་ནུས་པའང་ཡོད་ཟེར།

སུའུ་ཏན་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། ཝ་ཏི་ཝན་ཏཱ་ནེ་གྲོང་ཁྱེར་གྱི་ཚོད་འཛིན་དབང་ཆ་ཡང་བསྐྱར་འཕྲོག་ལེན་བྱས་པ་ནི་རྒྱལ་ཁ་ཆེན་པོ་ཞིག་ཡིན་པ་དང་། དེ་ལས་སུའུ་ཏན་མི་དམངས་ཀྱི་ལངས་ཕྱོགས་དང་དེས་དྲག་ཆས་དམག་དཔུང་ལ་རྒྱབ་སྐྱོར་བྱེད་པ་མངོན་པར་མཚོན་ཡོད་ཟེར།

སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ད་རུང་དོན་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད།


བསོད་ནམས་ཚེ་རིང་གིས་བསྒྱུར།