དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས11ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་མཐོ་རིམ་འཐུས་ཚབ་ཚོགས་པ་ཞིག་ཁཱ་ཐར་དུ་མངགས་ནས། ཕཱ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་དང་མཉམ་དུ་བཀག་འཇུག་ཐེབས་པའི་མི་སྣ་ཕྱིར་གཏོང་བ་དང་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་གརྩོད་མཚམས་འཇོག་པའི་གྲོས་མཐུན་དགོས་པར་སྐུལ་འདེད་གཏོང་རྒྱུ་ཐག་བཅད་ཡོད་ཟེར།
གསལ་སྒྲོག་ལྟར་ན། མཐོ་རིམ་འཐུས་ཚབ་ཚོགས་པའི་ཁོངས་མིར་དབྱི་སི་རལ་གྱི་གསང་འཕྲིན་དང་དམིགས་བསལ་མཁོ་སྒྲུབ་ཅུའུ་ཡི་ཅུའུ་ཀྲང་པཱ་ཨར་ནེ་ཡཱ་དང་། དབྱི་སི་རལ་གྱི་རྒྱལ་ཁབ་བདེ་འཇགས་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་པཱ་ཨར། དབྱི་སི་རལ་གྱི་དམག་དཔུང་གི་བཀག་འཇུག་ཐེབས་པའི་མི་སྣའི་གནད་དོན་གྱི་འགན་ཁུར་མཁན་ཨ་ལུང་། ནེ་ཐཱ་ནི་ཡཱ་ཧུའུ་ཡི་ཆབ་སྲིད་བློ་འདོན་པ་ཧྥ་ཨར་ཁི་སོགས་འདུས།
གསལ་སྒྲོག་ལས་བཤད་རྒྱུར། ཆོད་དོན་དེ་ནི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ད་ལྟ་སྤེལ་བཞིན་པའི་གྲོས་མོལ་ལ་དཔྱད་འཇོག་བྱས་རྗེས་བཏོན་པ་ཡིན་ཞིང་། དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་ཁཱ་ཚི་དང་དབྱི་སི་རལ་གྱི་བདེ་འཇགས་སྡེ་ཁག་གི་དཔོན་རིགས། དེ་མིན་ཨ་མེ་རི་ཁའི་པེད་ཏིན་སྲིད་གཞུང་གི་དཔོན་རིགས། འགན་ཁུར་བར་སྒུག་པའི་ཙུང་ཐུང་ཐི་ལིང་ཕུའུ་སྲིད་གཞུང་གི་ཁོངས་མི་བཅས་འབྲེལ་ཡོད་ཀྱི་གྲོས་ཚོགས་ལ་ཞུགས། ཉིན་དེའི་སྔ་དྲོར། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཡེ་ལུའུ་སཱ་ལེམ་ནས་མི་འགྱངས་པར་འགན་ཁུར་རྒྱུ་ཡིན་པའི་ཐི་ལིང་ཕུའུ་སྲིད་གཞུང་གི་དབུས་ཤར་གནད་དོན་གྱི་ཆེད་མངག་ཕོ་ཉ་ཝེ་ཐི་ཁི་ཧྥུའུ་ལ་ཐུག་འཕྲད་བྱས་ཟེར།
གྲོས་མོལ་ལ་ཞུགས་པའི་འབྲེལ་ཡོད་མི་སྣས་བཤད་རྒྱུར། ནེ་ཐཱ་ནི་ཡཱ་ཧུའུ་ཡི་ཆོད་དོན་དེ་ཁཱ་ཐར་གྱི་འདུམ་འགྲིག་ཕྱོགས་ཀྱི་གྲོས་མོལ་ལ་སྤྱིའི་ཆ་ནས་གྲུབ་འབྲས་ངེས་ཅན་ཐོབ་པའི་གནས་ཚུལ་འོག་བཏོན་པ་ཡིན་ཟེར།
གཞན་ཡང་དབྱི་སི་རལ་གྱི་རྒྱལ་ཁོངས་ཚགས་པར་གྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཉེ་སྔོན་ཅཱ་ཧྲ་ས་ཁུལ་གྱི་གནས་མང་བོ་ནས་ཕྱིར་འཐེན་བྱེད་པའི་ཇུས་གཞི་མང་བོར་ཞིབ་འཇུག་བྱས་པ་དང་། དེའི་ནང་ཅཱ་ཧྲ་ས་ཁུལ་ཁ་ཁར་བཏང་བའི་དམག་དོན་རྒྱུ་ལམ་སྟེ་ནེ་ཐི་ཀྲ་ལི་མུའུ་བར་འཁྱམས་ཀྱི་ཕྱིར་འཐེན་འཆར་གཞི་སོགས་འདུས། དམག་དོན་གྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་སྲིད་གཞུང་གི་ཆོག་མཆན་ཐོབ་པའི་གྲོས་མཐུན་གང་རུང་ལག་བསྟར་བྱེད་རྒྱུ་ཡིན་ལ། དེའི་ནང་མྱུར་མོར་ཕྱིར་འཐེན་བྱེད་པའི་གྲོས་མཐུན་ཡང་འདུས་ཡོད་ཟེར།
འདས་པའི་ཟླ་ངོ་འགའི་རིང་ལ། ཁཱ་ཐར་གྱི་རྒྱལ་ས་ཏའོ་ཧཱ་དང་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་ནས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་སྐོར་ཐེངས་འགའ་སྤེལ་ཡང་། འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་ཐུབ་མེད། སྐོར་ཐེངས་གསར་བའི་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་དེ་ཟླ་འདིའི་ཚེས3ཉིན་ཏའོ་ཧཱ་ནས་སླར་གསོ་བྱས་པ་དང་། ཁཱ་ཐར་ཕྱོགས་ཀྱིས་ཚེས7ཉིན་བསྟན་དོན། གྲོས་མོལ་མུ་མཐུད་དུ་སྤེལ་བཞིན་ཡོད་ཀྱང་གྲོས་མཐུན་འགོད་པའི་དུས་ཚོད་རེའུ་མིག་ལ་ད་རུང་གྲོས་འཆམ་བྱུང་མེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།