ཨ་མེ་རི་ཁ་དང་དབྱི་སི་རལ་གྱི་མགོ་ཁྲིད་པས་ཁ་པར་གྲོས་མོལ་ལ་བརྟེན་ནས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་གྲུབ་འབྲས་ལ་གྲོས་བསྡུར་བྱས།
2025.01.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 40

དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས12ཉིན་ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་ལ་ཁ་པར་བཏང་བ་དང་། ཕྱོགས་གཉིས་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་གྲུབ་འབྲས་ལ་གྲོས་བསྡུར་བྱས།

དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་པེད་ཏིན་ལ་རང་གིས་གྲོས་མོལ་ཚན་ཆུང་ཁཱ་ཐར་གྱི་རྒྱལ་ས་ཏའོ་ཧཱ་རུ་མངག་གཏོང་བྱས་ནས་འཁྲུག་རྩོད་མཚམས་འཇོག་པ་དང་བཟུང་མི་བརྗེ་སྤོར་བྱེད་པའི་གྲོས་མཐུན་ལ་སྐུལ་འདེད་བཏང་ཡོད་པ་སྙན་ཞུ་བྱས།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས11ཉིན་དབྱི་སི་རལ་གྱི་གསང་འཕྲིན་དང་དམིགས་བསལ་མཁོ་སྒྲུབ་ཅུའུ་ཡི་ཅུའུ་ཀྲང་པཱ་ཨར་ནེ་ཡཱ་དང་། དབྱི་སི་རལ་གྱི་རྒྱལ་ཁབ་བདེ་འཇགས་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་པཱ་ཨར། དབྱི་སི་རལ་གྱི་དམག་དཔུང་གི་བཀག་འཇུག་ཐེབས་པའི་མི་སྣའི་གནད་དོན་གྱི་འགན་ཁུར་བ་ཨ་ལུང་། ནེ་ཐཱ་ནི་ཡཱ་ཧུའུ་ཡི་ཆབ་སྲིད་བློ་འདོན་པ་ཧྥ་ཨར་ཁི་བཅས་ཀྱིས་གྲུབ་པའི་མཐོ་རིམ་གྲོས་མོལ་ཚན་ཆུང་ཏའོ་ཧཱ་རུ་མངག་སྟེ། ཕཱ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་དང་མཉམ་དུ་བཀག་འཇུག་ཐེབས་པའི་མི་སྣ་ཕྱིར་གཏོང་བ་དང་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་པར་སྐུལ་འདེད་བཏང་།

ཁཱ་ཐར་དུ་ཡོད་པའི་དབྱི་སི་རལ་གྱི་མཐོ་རིམ་གྲོས་མོལ་ཚན་ཆུང་གི་ཁོངས་མིས་བཤད་རྒྱུར། གྲོས་མཐུན་འགོད་པའི་ཆ་རྐྱེན་ཆེས་བཟང་བའི་སྐབས་སུ་བསླེབས་ཡོད་པ་དང་། མཇུག་མཐར་གྲོས་མཐུན་འགོད་པར་རེ་བ་ཆེན་པོ་ཡོད་ཟེར།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས11ཉིན་ཡེ་ལུའུ་སཱ་ལེམ་ནས་མི་འགྱངས་པར་འགན་ཁུར་རྒྱུ་ཡིན་པའི་ཐི་ལིང་ཕུའུ་སྲིད་གཞུང་གི་དབུས་ཤར་གནད་དོན་གྱི་ཆེད་མངག་ཕོ་ཉ་ཝེ་ཐི་ཁི་ཧྥུའུ་དང་གྲོས་མོལ་བྱས། ཐི་ལིང་ཕུའུ་ཡིས་དེའི་སྔོན་ཉེན་བརྡ་བཏང་སྟེ། གལ་ཏེ་ཁོས་ལས་འགན་མ་ཁུར་གོང་དབྱི་སི་རལ་ཕྱོགས་ཀྱི་བཀག་འཇུག་ཐེབས་པའི་མི་སྣ་ཕྱིར་མ་བཏང་ན། ཧཱ་མཱ་སི་ཡིས་རིན་དོད་ཆེན་པོ་གཏོང་དགོས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།