ཨ་རབ་རྒྱལ་ཁབ་ཀྱི་སི་རི་ཡཱའི་གནད་དོན་གྱི་པུའུ་ཀྲང་རིམ་པའི་རྒྱ་བསྐྱེད་གྲོས་ཚོགས་ལེ་ཡཱ་ཏི་ནས་བསྡུས།
2025.01.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

ཨ་རབ་རྒྱལ་ཁབ་ཀྱི་སི་རི་ཡཱའི་གནད་དོན་གྱི་པུའུ་ཀྲང་རིམ་པའི་རྒྱ་བསྐྱེད་གྲོས་ཚོགས་ཚེས12ཉིན་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏི་ནས་བསྡུས། གྲོས་ཚོགས་ནས་གསལ་སྒྲོག་སྤེལ་ཏེ་སི་རི་ཡཱ་ལ་ཕྱོགས་སོ་སོའི་རྒྱབ་སྐྱོར་འདོན་སྤྲོད་བྱེད་པ་དང་། སི་རི་ཡཱའི་གཏན་འཇགས་དང་འཕེལ་རྒྱས་སླར་གསོ་བྱེད་པར་རོགས་རམ་བྱེད་དགོས་པ་བསྐྱར་སྒྲོག་བྱས།

སོ་ཏི་ཨ་རབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཐེངས་འདི་གྲོས་ཚོགས་ལ་སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྥེ་སཱ་ཨར་གྱིས་མགོ་འཛིན་བྱས་པ་དང་། སི་རི་ཡཱའི་བར་བརྒལ་སྲིད་གཞུང་གི་ཕྱི་འབྲེལ་བློན་ཆེན་ཞེ་པཱ་ནེ་གྲོས་ཚོགས་ལ་ཞུགས་ཡོད། ཚོགས་ཞུགས་མཁན་ལ་ད་རུང་པཱ་ལིན་དང་ཨེ་ཅིབ། དབྱི་རག ཅོར་ཏན། ཁི་ཝེ་ཐི། ལེ་པཱ་ནུན། ཨ་མན། ཁཱ་ཐར། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་སོགས་ཨ་རབ་རྒྱལ་ཁབ་དང་། ཧྥ་རན་སི་དང་། འཇར་མན། དབྱི་ཐཱ་ལེ། སི་ཕེན། དབྱིན་ཇི། ཨ་མེ་རི་ཁ། ཐུར་ཁེ་སོགས་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་ནམ་འཐུས་མི། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ། ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི། མཚོ་ཁུགས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སི་རི་ཡཱའི་གནད་དོན་གྱི་ཆེད་མངག་ཕོ་ཉ་སོགས་ཀྱང་གྲོས་ཚོགས་ལ་ཞུགས། ཚོགས་ཞུགས་མཁན་གྱིས་སི་རི་ཡཱའི་མི་གཙོ་བྱས་པའི་ཆབ་སྲིད་བར་བརྒལ་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན་པ་དང་། སི་རི་ཡཱའི་མི་དམངས་ལ་ཇི་ལྟར་རོགས་བྱེད་པ་དང་། སི་རི་ཡཱ་དེ་གཅིག་གྱུར་དང་སྒེར་ཚུགས། བདེ་འཇགས་བཅས་ཀྱི་ཨ་རབ་རྒྱལ་ཁབ་ཅིག་ཏུ་བསྐྱར་འཛུགས་བྱེད་པར་རོགས་མ་བྱེད་པའི་ཐད་གྲོས་བསྡུར་ཟབ་མོ་བྱས།

གྲོས་ཚོགས་ནས་གསལ་སྒྲོག་སྤེལ་ཏེ། སི་རི་ཡཱའི་མ་འོངས་པ་དེ་སི་རི་ཡཱའི་མི་དམངས་ཀྱིས་ཐག་གཅོད་བྱེད་དགོས་ཤིང་། སི་རི་ཡཱའི་སྒེར་ཚུགས་དང་བདག་དབང་ལ་བརྩི་འཇོག་བྱེད་དགོས་པ་ནན་གྱིས་བསྟན་པར་མ་ཟད། ཕྱོགས་མང་བོའི་རོགས་ལས་ལ་བརྟེན་ནས། སི་རི་ཡཱ་ལ་ཕྱོགས་མང་བོའི་རྒྱབ་སྐྱོར་འདོན་སྤྲོད་བྱས་ཏེ། སི་རི་ཡཱའི་གཏན་འཇགས་དང་འཕེལ་རྒྱས་སླར་གསོ་བྱེད་པར་རོགས་རམ་བྱེད་རྒྱུ་ཁས་ལེན་བྱས། དེའི་ཞོར་དུ་ཚོགས་ཞུགས་ཕྱོགས་ཁག་སོ་སོས་སི་རི་ཡཱའི་སྲིད་གཞུང་གསར་བས་གྲོས་མོལ་ལ་བརྟེན་ནས་རྒྱལ་ནང་གི་ཆབ་སྲིད་འཕེལ་རིམ་ལ་སྐུལ་འདེད་བཏང་བ་དང་། འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་བཏང་བ། རྒྱལ་ཁབ་ལས་ཁུངས་ཀྱི་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་བྱེད་ཐབས་བཟང་བོར་གཟེངས་བསྟོད་བྱད་པ་དང་། བྱ་བ་དེ་དག་གིས་སི་རི་ཡཱའི་མ་འོངས་པའི་འཕེལ་རྒྱས་ཐད་རྨང་གཞི་བརྟན་པོ་བཏིངས་ཡོད་པར་འདོད།

ཧྥེ་སཱ་ཨར་གྱིས་བསྟན་དོན། ཐེངས་འདིའི་གྲོས་ཚོགས་ཀྱི་དམིགས་ཡུལ་ནི་ཕྱོགས་སོ་སོའི་སྟོབས་ཤུགས་མཐུན་སྦྱོར་བྱས་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སི་རི་ཡཱའི་ཕྱོགས་གཅིག་དང་རྒྱལ་སྤྱིའི་བཀག་སྡོམ་མེད་པར་གཏོང་བར་སྐུལ་མ་གཏོང་བ་དང་། མི་ཆོས་རིང་ལུགས་དང་དཔལ་འབྱོར་རོགས་སྐྱོར་མྱུར་མོར་འདོན་སྤྲོད་བྱེད་པ། སི་རི་ཡཱའི་རྒྱལ་ཁབ་བསྐྱར་འཛུགས་བྱེད་པར་རོགས་རམ་བྱས་ནས་ཡུལ་གྱར་བ་དག་ཕྱིར་ཕ་ཡུལ་དུ་ལོག་པར་ཆ་རྐྱེན་བསྐྲུན་པའི་ཆེད་དུ་ཡིན་ཟེར།

གཞན་ཡང་འཇར་མན་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་པེ་ཨར་པའོ་ཁི་ཡིས་ཉིན་དེར་ལེ་ཡཱ་ཏི་ནས་བཤད་རྒྱུར། འཇར་མན་གྱིས་སི་རི་ཡཱའི་སྲིད་གཞུང་ལ་ཡོ་སྒོར་བྱེ་བ་ལྔའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱས་ཏེ། སི་རི་ཡཱ་ཡིས་དཀྱེལ་ཡངས་ཀྱི་ཆབ་སྲིད་མ་ལག་ཏུ་ཞི་བའི་སྒོ་ནས་བར་བརྒལ་བྱེད་པར་རོགས་རམ་བྱེད་རྒྱུ་ཡིན་ཟེར། རྒྱུས་ལོན་བྱུང་བ་ལྟར་ན། རོགས་སྐྱོར་དེས་འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་དང་སྲིད་གཞུང་མིན་པའི་རྩ་འཛུགས་བརྒྱུད་དེ་སི་རི་ཡཱའི་མང་ཚོགས་ལ་ཟས་རིགས་དང་བྲེལ་མྱུར་སྡོད་གནས། སྨན་བཅོས་ཞབས་ཞུ་བཅས་འདོན་སྤྲོད་བྱེད་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།