ལི་པུ་ཡཱའི་འགྲུལ་སྐྱེལ་རླངས་འཁོར་ཞིག་ལོག་ནས་མི23རྐྱེན་ལམ་དུ་ཤོར།
2025.01.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཏི་ལེ་པའོ་ལི་ནས་བསྒྲགས་པ་ལྟར་ན། ལི་པུ་ཡཱའི་མི་རིགས་གཅིག་གྱུར་སྲིད་གཞུང་གི་འཕྲོད་བསྟེན་པུའུ་ཡིས་ཚེས12ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཉིན་དེར་སྤྱི་སྤྱོད་རླངས་འཁོར་ཞིག་ལོག་ནས་མི23རྐྱེན་ལམ་དུ་ཤོར་ཟེར།

བསྒྲགས་པ་ལྟར་ན། ལི་པུ་ཡཱའི་དབུས་ཕྱོགས་ཀྱི་ཀྲུའུ་ཧྥུའུ་ལཱ་ཞིང་ཆེན་ནས་རྒྱལ་ས་ཏི་ལེ་པའོ་ལི་རུ་བགྲོད་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་ཉིན་དེར་ཏི་ལེ་པའོ་ལིའི་ཤར་ལྷོའི་ཕྱོགས་ཀྱི་སྤྱི་ལེ70མཚམས་སུ་ལོག་པ་དང་། འགྲུལ་སྐྱེལ་རླངས་འཁོར་སྟེང་གི་འགྲུལ་བ40ལས་མི23རྐྱེན་ལམ་དུ་ཤོར་བ་དང་གཞན་ཡང་མི་བཅུ་ལྷག་ལ་རྨས་ཕོག་ཡོད། རྨས་མ་དག་ས་དེའི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར།

ལི་པུ་ཡཱའི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ལི་པུ་ཡཱའི་བདེ་འཇགས་དང་ཞིབ་དཔྱོད་སྡེ་ཁག་གིས་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།